བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གི་སློབ་འགོ་ཚུགས།

        2020-04-09

བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གི་སློབ་འགོ་ཚུགས།

  ད་ལོ་ནི་དམིགས་བསལ་གྱི་ལོ་ཞིག་ཡིན་པས་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ཧ་ཅང་འཕྱི། དེའི་སྟབས་ཀྱིས་སློབ་མ་དང་ཁྱིམ་བདག དགེ་རྒན་སོགས་ཀྱིས་མྱུར་དུ་སློབ་འགོ་ཚུགས་ཐུབ་པའམ་དགེ་སློབ་ཡོངས་རྫོགས་བདེ་བླག་གིས་སློབ་གྲྭར་སྔ་ས་ནས་འབྱོར་ཐུབ་པར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད།

 དུས་བབ་མི་འདྲ་བའི་དབང་གིས་གནས་བབ་ལའང་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་སྟེ། ནམ་རྒྱུན་གུང་གསེང་གྲོལ་བའམ་ངལ་གསོའི་དུས་ཚོད་མང་ཙམ་ཡོད་པར་རེ་ཞིང་སྒུག་ནའང་། ད་ལོ་ནི་དེ་ལས་ལྡོག་སྟེ་སློབ་འགོ་ཚུགས་ནས་སློབ་སྦྱོང་བྱེད་ཐུབ་ན་སྙམ་པའི་སློབ་གསོའི་འདུ་ཤེས་དམིགས་བསལ་བ་ཞིག་ཀྱང་འབྱུང་བཞིན་ཡོད་པའི་སྐབས་འདིར། ངེད་བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་ཡང་རིགས་བརྒྱ་རིགས་གཅིག་གི་ཚུལ་དུ། གོང་རིམ་གྱི་བཀོད་སྒྲིག་བཞིན་སློབ་ཚུགས་གྲ་སྒྲིག་དང་ལག་བསྟར་འཐུས་ཚང་བྱས་དང་བྱེད་བཞིན་ཡོད་པ་རེད།

 སྤྱི་ཟླ4པའི་ཚེས7ཉིན། དམའ་གསུམ་སློབ་མ་རྣམས་སློབ་གྲྭ་འབྱོར་ཅིང་། ཏོག་གསར་སྐབས་ཀྱི་བཀོད་སྒྲིག་ཇི་བཞིན་སྐབས་བསྟུན་གྱིས་མིང་ཐོ་བཀོད་ཅིང་། སློབ་ཚུགས་ཀྱི་ལས་ཀ་འཐུས་ཚང་བར་བྱས། ལྷག་པར་དུ་རྫོང་རིམས་འགོག་ལྟེ་གནས་ཀྱི་དབུ་ཁྲིད་དག་འབྱོར་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། སློབ་ཚུགས་མིང་འགོད་བྱ་རིམ་ལ་ཁས་ལེན་ཐོབ་པར་མ་ཟད། མུ་བཞིན་རྒྱུན་འཁྱོངས་དགོས་པའི་བཀའ་སློབ་དང་མཛུབ་སྟོན་ཡང་གནང་བ་རེད།

  དེ་ཡང་དམའ་གསུམ་ནས་འགོ་བརྩམས་ཏེ་བྱ་བ་རྣམས་འཐུས་ཚང་དང་གོ་རིམ་ལྡན་པ་ཡོང་ཕྱིར། ཟླ་འདིའི་ཚེས10ལ་མ་ཐུག་བར། དམའ་གསུམ་སློབ་མར་དུས་བབ་གནས་ཚུལ་འོག་སློབ་ཁྲིད་སློབ་གསོ་རྒྱུན་ལྡན་ཡོང་བའི་སྦྱོང་བརྡར་སྤེལ་གྱིན་ཡོད་ལ། ལྷག་པར་དུ་མིང་ཐོ་འགོད་དུས་ཀྱང་། སློབ་མ་དང་དང་ཁྱིམ་བདག་ཁ་བཀར་ཏེ་ཕྱོགས་གཉིས་ནས་མིང་ཐོ་འགོད་དུ་བཅུག་ལ། དེ་དག་གི་རྐང་ལག་བཅའ་ལག་གསུམ་པོར་དུག་སེལ་དང་། དེ་རྗེས་དྲོད་ཚད་བརྟག་འཇལ། གན་རྒྱ་འཇོག་པ། ཡིག་ཆ་བསྡུ་ཉར། ཁ་ཤུབས་གསར་བརྗེ་སོགས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་རིམ་རྫོགས་པར་བྱས་པར་མ་ཟད། དམའ་གསུམ་དགེ་སློབ་ཡོངས་ལ་དམིགས་བསལ་གྱིས་འཇར་པན་ནས་ནང་འདྲེན་བྱས་པའི་དུག་སེལ་བྱང་བུ་སྤྲད་ནས་ཉེན་འགོག་གལ་ཆེ་བའི་གསལ་བརྡའང་བཏང་།

  སྤྱིར་སློབ་མ་དག་སློབ་གྲྭར་འབྱོར་ཐུབ་པ་ནི་ཧ་ཅང་དགའ་འོས་པ་ཞིག་ཡིན་ནའང་། གནས་ཚུལ་མི་འདྲ་བའི་འོག་ཏུ་ང་ཚོ་མཉམ་འཛོམ་དགོས་ཚེ། ངེས་པར་དུ་ནད་དུག་སྔོན་འགོག་གི་འདུ་ཤེས་ལྡན་པའི་རྨང་གཞིའི་ཐོག ཉེར་སྤྱད་དག་ཀྱང་གྲ་སྒྲིག་མ་ཚང་བ་མེད་པར་དགོས་ལ། ལྷག་པར་དུ་མི་མང་ལྷན་དུ་འདུ་བའི་སྐབས་སུ་དོགས་ཟོན་གྱི་ཚོར་བ་རྣོན་པོའི་སྒོ་ནས། བརྟག་དཔྱད་ཉིན་གྲངས་ལེགས་པར་ཚང་བར་བདུན་ཕྲག་རེ་བཞིན་དུག་སེལ་དང་གཙང་སྦྲ། བར་ཁྱད་སོགས་ཚད་ལྡན་བྱེད་པར་མ་ཟད། ཁ་ཤུབས་ཀྱངkn95སྤྱད་ནས་གྲ་སྒྲིག་འཐུས་ཚང་ཡོང་བར་ཁག་ཐེག་བྱེད་ཀྱིན་ཡོད། གོང་བརྗོད་ལས་རིམ་མཐའ་དག་ལ་སློབ་གྲྭའི་དབུ་ཁྲིད་དག་གིས་ཉིན་མཚན་མེད་པར་གྲོས་བསྡུར་དང་དབྱེ་ཞིབ་གང་ལེགས་བྱས་ནས། ཚེ་སྲོག་རྩིས་ཆེ་ལ་བདེ་ཐང་གལ་ཆེ་བའི་འདུ་ཤེས་ལྡན་པའི་སྒོ་ནས་རང་གཞན་ཚང་མར་འགན་ཁུར་ཡོད་པའི་བྱེད་ཐབས་སྟབས་བསྟུན་གྱིས་ལག་བསྟར་གནང་བ་རེད།

 མདོར་ན། གནས་ཚུལ་མི་འདྲ་བའི་འོག་ཏུ་བྱེད་ཐབས་ཀྱང་མི་འདྲ་བ་བཀོལ་ནས། སློབ་འགོ་ལེགས་པར་ཚུགས་ཐུབ་པ་ཙམ་དུ་མ་ཟད། སློབ་གསོའི་བྱ་བའང་རྒྱུན་ལྡན་ལྟར་རྒྱུན་སྐྱོང་ཐུབ་ལ། ཏོག་གསར་གྱིས་འཇིགས་པ་མེད་པར་སློབ་དུས་གསར་པ་ཞིག་དཔྱིད་དཔལ་དང་འགྲོགས་ནས་བློ་བདེ་བག་ཕེབས་ཀྱིས་སྐྱེལ་ཐུབ་པར་ཡིད་ཆེས་དང་སྨོན་འདུན་ཞུ་བཞིན་ཡོད།

གསར་འགོད་པ་ཆོས་བཞིན་ནས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འུ་རྫོང་གི་དམའ་འབྲིང་འཛིན་གྲྭ་འདི་དག་འཚོག་ཐུབ་རྒྱུ་རེད།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།