2019ལོར་རྒྱལ་ཡོངས་སུ་ཤིང་འཛུགས་ནགས་བཟོ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི706.7ལ་ཟིན།

ཡེ་མགོན་གྱིས་བསྒྱུར།        2020-03-17

     ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3པའི་ཚེས11ཉིན་འབྱོར་བའི་གློག་འཕྲིན། གོང་ཚེས་ཉིན་རྒྱལ་ཡོངས་ལྗང་འགྱུར་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི《2019ལོར་ཀྲུང་གོའི་རྒྱལ་ས་ལྗང་འགྱུར་བྱས་ཚུལ་གྱི་སྤྱི་བསྒྲགསནང་ནས་མཚོན་དོན། 2019ལོར་རང་རྒྱལ་གྱིས་རྒྱལ་ས་ལྗང་འགྱུར་བྱས་པའི་བྱ་གཞག་ཐད་གྲུབ་འབྲས་གསར་པ་ཐོབ་ནས་རྒྱལ་ཡོངས་སུ་ཤིང་འཛུགས་ནགས་བཟོ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི706.7ལ་ཟིན་པར་བརྟེན། ནགས་ཚལ་གསོ་སྐྱོང་བྱེད་ཚད་སྤྱི་ཆིང་ཁྲི773.3དང་གཟན་རྩྭ་རྨོད་འདེབས་བྱས་ནས་རྩྭ་ཐང་ལེགས་བཅོས་བྱེད་ཚད་སྤྱི་ཆིང་ཁྲི314.7ལ་ཟིན་པ་རེད།

    སྤྱི་བསྒྲགས་ནང་བཤད་དོན། 2019ལོར་རང་རྒྱལ་གྱིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་གྱི་སྤུས་ཀ་ཇེ་ཡག་ཏུ་གཏང་རྒྱུའི་ལས་གྲྭ་ལག་ལེན་བྱས་པས་མ་ཚད། ནགས་ཚལ་གསོ་སྐྱོང་བྱས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་གདེང་ཚོད་བྱས་མགོ་བཙུགས་ནས་རྒྱལ་ཡོངས་སུ་ནགས་ཚལ་ཉམས་གསོ་བྱེད་ཚད་སྤྱི་ཆིང་ཁྲི174.5ལ་ཟིན་པར་བརྟེན། ནགས་ཚལ་ཐོན་ཁུངས་ཀྱི་སྒྲིག་གཞི་རྒྱུན་ཆད་མེད་པར་ལེགས་འགྱུར་བྱུང་བ་དང་སྤུས་ཀ་རྒྱུན་ཆད་མེད་པར་ཇེ་ཡག་ཏུ་ཕྱིན་ནས་ནགས་ཚལ་གྱི་ནུས་པ་ཇེ་དྲག་ཏུ་ཕྱིན་པ་རེད། རྩི་ཤིང་ཁྱབ་ཚད་ཀྱི་རྒྱ་ཁྱོན་བསྡུར་ཚད་བརྒྱ་ཆ2.94མཐོ་རུ་ཕྱིན་ནས་བརྒྱ་ཆ41.92ལ་ཟིན་པ་རེད།

     དེ་མིན། 2019ལོར་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བའི་དུས་མཚུངས་སུ། རློན་ས་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་བྱེ་ཐང་ས་ཁུལ་གྱི་སྐྱེ་ཁམས་རྒྱུན་མཐུད་དུ་ལེགས་བཅོས་བྱས་པ་རེད། རང་རྒྱལ་གྱིས་ཕྱུགས་སྐྱུར་རྩྭ་འདེབས་བྱེད་པའི་ལས་གྲྭ་བརྟན་ཁྲོད་སྐུལ་འདེད་བཏང་ནས་ལྕགས་སྐུད་དྲ་བ་བསྐོར་བའི་རྩྭ་ས་སྤྱི་ཆིང་ཁྲི60དང་རྩྭ་ཐང་ལེགས་བཅོས་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི51.3 གཟན་རྩྭ་རྨོད་འདེབས་བྱེད་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི22.1 ས་ནག་གྲམ་ཐང་སྤྱི་ཆིང་ཁྲི9.9 དུག་རྩྭ་བཅོས་སྐྱོང་བྱ་རྒྱུ་རྒྱ་ཁྱོན་སྤྱི་ཆིང་ཁྲི14.5བཅས་ལེགས་བཅོས་བྱ་རྒྱུའི་བཀོད་བསྒྲིགས་བྱས་ཡོད་པ་རེད། རྒྱལ་ཡོངས་ཀྱི་རློན་སའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ཆིང་དུང་ཕྱུར0.53སྲུང་འཛིན་བྱས་ནས་རློན་ས་སྲུང་སྐྱོང་བྱེད་ཚད་བརྒྱ་ཆ་52.19ལ་ཟིན་པ་རེད། རྒྱལ་ཡོངས་སུ་བྱེ་སྐྱོང་བྱེ་འགོག་བྱ་རྒྱུའི་ལས་འགན་སྤྱི་ཆིང་ཁྲི226ལེགས་འགྲུབ་བྱུང་ནས་བྱེ་འགྱུར་འགྲོ་བའི་རྒྱ་ཁྱོན་རིམ་བཞིན་ཇེ་ཉུང་དུ་ཕྱིན་པ་རེད། །


  • ལེ་ཚན་སྔོན་མ།:འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལ་ཟིན་ཞེས་བསྒྲགས།
  • ལེ་ཚན་རྗེས་མ།:ཁ་སང་གི་གནས་ཚུལ་གསར་པ།
  • དོ་སྣང་ཆེ་བའི་རྩོམ།