རྟ་མགྱོགས་མོར་སྐབས་དང་བསྟུན་ནས་ལྕག་གིས་སྐུལ། རང་ཁུལ་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཆེན་མོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཟུར་བཀོད། (སྟོད)

ཟླ་བ་བཟང་པོས་བསྒྱུར།        2016-12-27

      དགུན་འགོ་ཚུགས་དུས། ཁམས་པའི་མཐོ་སྒང་ལ་གྲང་ངར་ལྷག་ཏུ་ལྡང་། རང་ཁུལ་གྱི་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཆེན་མོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུར་ཞུགས་མཁན་གྱི་མི་སྣ་ཡོངས་དཀའ་ཁག་ལ་འཛེམ་པ་མེད་ཅིང་སྙིང་སྟོབས་ཆེར་བསྐྱེད་ནས་སྔ་ཕྱིར་འདབ་པ་དང་ལི་ཐང་། ཉག་ཆུ་ཁ། དར་མདོ་བཅས་རྫོང་དང་གྲོང་ཁྱེར་བཞི་ལ་ཕྱིན་ནས་འཐབ་ཇུས་ཆེན་མོ་དྲུག་ལ་སྐུལ་འདེད་གཏོང་ཚུལ་ཐད་སློབ་སྦྱོང་དང་རྟོག་ཞིབ་བྱས་པ་རེད། ཚ་ཚ་འུར་འུར་གྱི་ལས་གཞིའི་རྣམ་པ་དང་། འོད་སྟོང་རབ་ཏུ་འབར་བའི་གྲུབ་འབྲས། རྒྱལ་ཁ་འཐོབ་པའི་དཔེར་མཚོན་བཅས་ཀྱིས་ཚོགས་ཞུགས་མི་སྣའི་ཡིད་སེམས་འགུག་ཐོག་ཉིན་རེ་བཞིན་སེམས་འགུལ་ཐེབས་ཤིང་བློ་སྒོ་འབྱེད་པས་བསྟོད་བསྔགས་ཀྱི་མེ་ཏོག་ཡང་ཡང་གཏོར་བ་རེད། ཉེ་བའི་ལོ་ཤས་ནང་འདབ་པ་དང་ལི་ཐང་། ཉག་ཆུ་ཁ། དར་མདོ་བཅས་ཀྱིས་ཁུལ་ཨུའི1236ཅེས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཐབ་ཇུས་ཆེན་མོ་དྲུག་གི་ལས་དོན་བླང་བྱར་གཞིར་བཟུང་ཞིང་། བླ་མེད་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས་རྫོང་ཁག་སོ་སོའི་སྐབས་བབ་ཀྱི་གནས་ཚུལ་དང་བསྟུན་ནས་འཕེལ་རྒྱས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཞིང་། དཀའ་སྤྱད་འབད་འབུངས་བྱས་ནས་དབུལ་སྐྱོར་འགག་སྒྲོལ་དང་ཁྲིམས་ལྟར་ཁུལ་སྐྱོང་། ཐོན་ལས་དམངས་ཕྱུག འགྲིམ་འགྲུལ་སྔོན་སྐྲུན། གྲོང་ཁྱེར་དང་གྲོང་གསེབ་སྤུས་ནུས་རིམ་སྤར། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བཅས་འཐབ་ཇུས་ཆེན་མོ་དྲུག་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཇུས་འགོད་ལག་བསྟར་ཇི་བཞིན་བྱས་པས་ཤར་ལྷོ་རྒྱུད་དུ་འཐབ་ཇུས་ཆེན་མོ་དྲུག་ལག་བསྟར་བྱེད་པའི་འཕེལ་ཕྱོགས་བཟང་པོ་ཞིག་ཆགས་པ་རེད།

གྲུབ་འབྲས་ཀྱིས་མི་སེམས་ལ་སྐུལ་མ་ཐེབས་ཤིང་ངར་ཤུགས་རྒྱས་སུ་བཅུག མི་འདང་སར་རྒྱུ་མཚན་འཚོལ་ཞིང་དག་ཐེར་གཏོང་བ་དང་། ཉམས་མྱོང་ཕྱོགས་བསྡོམས་དང་སྙིགས་དོར་བཅུད་ལེན་བྱེད། ཐོན་ཁུངས་བསྡུ་སྒྲིལ་དང་། སྐྱོན་སྤང་བཟང་སྒྲུབ། ཕན་ཚུན་མིག་ལྟོས་བཅས་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་ཐབས་ཇུས་བཟང་པོ་ཡིན་པས། ཉིན་འགའི་ནང་ལ་ཚོགས་ཞུགས་མི་སྣས་བསམ་གཞིག་བྱ་རྒྱུ་ཆེས་མང་བ་ནི་ཉམས་མྱོང་བརྗེ་རེས་དང་། བསམ་འཆར་བསྡུ་ལེན། འཆར་གཞི་ལེགས་འདིང་བཅས་བྱས་ཏེ་ལོ་འཁོར་གྱི་ལས་འགན་འགྲུབ་པར་འགན་ལེན་དང་འབྱུང་འགྱུར་གྱི་ལས་ཀར་འཆར་འགོད་བྱ་རྒྱུ་དེ་རེད།

      དེང་སང་། ཁྱོད་རང་འདབ་པར་སླེབས་ཚེར། རང་བྱུང་མཛེས་སྡུག་གིས་ཀུན་ནས་མྱོས་སྲིད། རི་ལ་ཤིང་འཛུགས་ཤིང་། ལམ་ན་མེ་ཏོག་འདེབས་པ། ཆུ་བོ་མཚེའུ་རུ་བསྒྱུར་བའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་འདབ་པར་ལག་ལེན་མངོན་གསལ་འཕྲོད་ཡོད། སྐྱེ་ཁམས་ལ་བརྟེན་ནས་རྫོང་བསྐྲུན་པ་ནི་འདབ་པ་རྫོང་འཕེལ་རྒྱས་འགྲོ་བའི་གཞིར་གྱུར་ཅིང་། ལྗང་མདོག་གི་འཕེལ་རྒྱས་ནི་མི་དམངས་ཕྱུག་པོར་བསྒྱུར་བའི་ཐོན་ལས་ཀྱི་གཞི་རྩར་སོང་། རྫོང་དེའི་ས་བབ་མཐོ་བས་གནམ་གཤིས་སྐམ་ཤས་ཆེ་ཞིང་། རྩི་ཤིང་ཉུང་བ་དང་སྐྱེ་ཁམས་ཁོར་ཡུག་ཧ་ཅང་ཞན་སྟབས། རླུང་ནག་གཡོས་མ་ཐག་ཐལ་རྡུལ་བར་སྣང་ཁེབས་ཤིང་བྱེ་རླུང་གནམ་སར་ཁྱབ། ས་མུའུ་ཁྲི་ལ་རྒྱ་ལྕང་འཛུགས་ཞེས་པའི་ཇུས་བཟང་ལག་ལེན་བྱས་པ་ནས་བཟུང་། འབད་འཐབ་ལ་བརྟེན་ནས་ཤིང་ནགས་སྔར་ལས་ཇེ་བཟང་དུ་འགྲོ་ཞིང་། ད་ལྟ་ས་དེར་རི་མཛེས་ཤིང་ཆུ་དྭངས་ལ། མེ་ཏོག་གི་དྲི་ཞིམ་འཐུལ་བ་དང་། བྱ་བྱེའུའི་སྐད་སྒྲས་ཁེངས་པར་མ་ཟད་གཙང་ཞིང་རྒྱ་ཆེ་བའི་ཁྲོམ་ལམ་དང་གྲ་འགྲིག་པའི་ཡུལ་མིའི་སྡོད་ཁང་། ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་སོགས་ཀྱིས་མི་རྣམས་ཀྱི་ཡིད་དབང་ཀུན་ནས་འཕྲོག

      རྫོང་དེའི་བཅིངས་འགྲོལ་འདམ་ར་གླིང་གའི་མཛེས་ལྗོངས་གཟིགས་སྟེགས་སུ་ལངས་ཏེ་གཞི་ཁྱོན་རགས་ཙམ་གྲུབ་པའི་གླིང་གའི་རྣམ་པར་བལྟས་ཚེ་སྔོན་ཆད་ཀྱི་ཆུ་བོ་དེ་མཚེའུ་རུ་བསྒྱུར་ཅིང་། ཆུ་བྱས་མཚེའུ་ནང་དུ་ཆུ་རྐྱལ་བ་དང་། མཚོ་ཁར་མེ་ཏོག་སྣ་ཚོགས་བཞད་པ་སོགས་མཛེས་སྡུག་རྣམ་པར་བཀྲ་བའི་འཆར་འགོད་རི་མོ་ཞིག་མིག་ལམ་དུ་ཤར་དུས་མ་འོངས་པར་ཡིད་སྨོན་དང་རེ་སྒུག་བྱེད་ཆོག་ཆོག་ཡོད་པར་མངོན། འདབ་པ་རྫོང་གི་ནགས་ཚལ་དང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་དགེ་བཟང་རྒྱ་མཚོས་གསར་འགོད་པར་བཤད་རྒྱུར། འདི་ནི་ངེད་རྫོང་གིས་སྤེལ་བའིའདབ་པ་རྫོང་གི་བཅིངས་འགྲོལ་འདམ་ར་གླིང་གའི་འདམ་ར་དང་རྩི་ཤིང་སླར་གསོའིལས་གཞི་ཡིན་ཞིང་།《2015ལོའི་རྒྱལ་ཁབ་གྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་དངུལ་སྤྲོད་བསྒྱུར་འགོད་ལས་གཞི་སྟེ་འདབ་པ་རྫོང་བཅིངས་འགྲོལ་འདམ་རའི་རྩི་ཤིང་སླར་གསོའི་ལས་གཞི་ལག་བསྟར་བྱེད་པའིརྗེས་མཐུད་ལས་ཀ་ཡང་ཡིན། སྔོན་དཔག་ལྟར་ན། ལས་གཞི་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར14ཡས་མས་འཇོག་དགོས་ཀྱི་ཡོད་ཅེས་བཤད་པ་རེད། རང་ཁུལ་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུར་ཞུགས་པའི་མི་སྣས་འདབ་པ་རྫོང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལས་དོན་ཐད་བློ་སྤོབས་ཆེ་ཞིང་འགོ་འཛུགས་ས་མཐོ་བའི་འཆར་འགོད་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད། རྫོང་དེའི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་ཐད་ལ་སྔར་ལས་མཐོང་ཆེན་བྱས་ཡོད་པར་མ་ཟད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་འཚོགས་པ་ནས་བཟུང་། འདབ་པ་རྫོང་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྱོང་བྱ་རྒྱུ་དེ་ཆེས་གཙོ་གནད་དུ་བཞག་སྟེ། སྐྱེ་ཁམས་རྫོང་བསྐྲུན་རྒྱུའི་འཐབ་ཇུས་ལ་དོ་སྣང་བྱེད་དེ་སྔོ་ལྗང་ཅན་གྱི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས། རི་འགོར་སྔོ་ལྗང་གིས་ཁེབས་པ་དང་རི་རྐེད་འབྲས་ཤིང་འཛུགས་པ་དང་། རི་ཞབས་ལོ་ཏོག་འདེབས་པའི་སྐྱེ་ཁམས་ཀྱི་ཕྱོགས་མང་གྲུབ་ཚུལ་ལ་དམིགས་ནས་སྐྱེ་ཁམས་སྲུང་ཡོལ་བསྐྲུན་ཏེ་རིམ་བཞིན་སྔོ་ལྗང་ཅན་གྱི་ཐོན་སྐྱེད་རྒྱུད་རིམ་གྲུབ་པར་བྱས་ཡོད།

      ཕྱུག་འདོད་ན་དང་ཐོག་ལམ་བསྐྲུན་ཞེས་པ་ལྟར། འགྲིལ་འགྲུམ་འཕེལ་རྒྱས་ཡིན་མིན་ནི་ས་ཆ་ཞིག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མིན་གྱི་ཚད་གཞི་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། འདབ་པ་རྫོང་གིས་རང་ཁུལ་གྱི་འགྲིམ་འགྲུལ་སྔོན་སྐྲུན་ཞེས་པའི་འཐབ་ཇུས་ལ་གཞིར་བཟུང་ནས་འགྲོ་ལམ་སྣ་མང་བསྐྲུན་ནས་ཤུགས་ཆེན་པོས་འགྲིམ་འགྲུལ་སྔོན་སྐྲུན་ལ་སྐུལ་འདེད་བཏང་བ་རེད། ཤམ་བྷ་ལའི་ལྟེ་བའི་ས་ཁུལ་ལ་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་དང་། རྫོང་ནང་གི་འགྲོ་ལམ་ཤར་གཏོང་དང་ཡུལ་སྐོར་བགྲོད་ལམ་སྟབས་བདེར་ཡོང་བར་གཙོ་འཛིན་བྱེད་པ། ཤང་དང་གྲོང་གསེབ་ཀྱི་གཞུང་ལམ་ཇེ་ལེགས་སུ་བཏང་པར་བརྒྱུད་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཕྱིར་འགྲོ་ནང་འོང་བྱེད་ཆོག་པའི་འགྲིམ་འགྲུལ་གྱི་དྲ་ཁོག་ཆགས་སུ་འཇུག་པ་རེད།

མཚོ་ལ་ནས་གསུམ་འདུས་ཤང་གི་ཆུ་འཁོར་ལུང་པའི་གཞུང་ལམ་བསྐྱར་བཟོའི་ལས་གཞིར་མཚོན་ན། ལམ་ཐིག་དེའི་མགོ་མཇུག་ཚང་མ་ཞིང་ཆེན་གྱི་ལམ་ཐིག217དང་འབྲེལ་ཡོད། ལམ་ཐིག་གི་རིང་ཚད་ཧྲིལ་པོར་སྤྱི་ལེ49.776ཡོད། དེའི་ནང་སྤྱིའི་རིང་ཚད་སྤྱི་ལེ24.1ལ་བསྐྱར་བཟོ་བྱས་པ་དང་། སྤྱི་ལེ25.676གི་ལམ་ཚད་གསར་སྐྲུན་བྱས་པ་རེད། ལས་གཞི་དེ་2016ལོའི་ཟླ5པར་ལས་འགོ་ཚུགས་ཤིང་སྔོན་དཔག་བྱས་ན2017ལོའི་ཟླ12པའི་ནང་ལེགས་འགྲུབ་བྱུང་ཐུབ་པ་རེད། ད་ལྟ་སྣུམ་ལམ་འདིང་བཞིན་ཡོད་ལ་ལས་གཞིའི་འཕེལ་རིམ་བདེ་བླག་ངང་འགྲུབ་བཞིན་ཡོད།

      ངེད་རྫོང་གིས་གཙོ་ཆེའི་འགྲིམ་འགྲུལ་ལས་གཞི་ལེགས་འགྲུབ་ཡོང་བར་མ་དངུལ་སྔ་ཕྱིར་སྡེབ་རྩིས་བྱས་ན་སྒོར་དུང་ཕྱུར48བཏང་ཡོད། དེ་ནི་ལི་ཐང་ནས་ཉི་སྟེན་བར་དང་། ཉི་སྟེན་ནས་མུ་ལིའི་ཆུ་གསུམ་མདོ་བར། རིང་གྲོང་ནས་ཉི་སྟེན་བར། ཕྱག་ཕྲེང་གི་ལ་ཆེན་གྲོང་ནས་འདབ་པའི་ཚེ་རོགས་ཤང་བར་གྱི་གཞུང་ལམ་ལེགས་འགྲུབ་བྱུང་ནས་ད་ལྟ་དངོས་སུ་བེད་སྤྱོད་བྱེད་བཞིན་ཡོད། འཁོར་རིགས་ཤར་གཏོང་ཐུབ་པའི་གཞུང་ལམ་སྤྱི་ལེ་ཆིག་སྟོང་བཞི་བརྒྱ་ལྷག་ལས་བརྒལ་བར་མ་ཟད། ད་རུང་འདབ་པ་ནས་བརྒྱད་ཟིལ་དང་། ཉི་སྟེན་གནམ་ཐང་ནས་ལི་ཐང་དགེ་བསྙེན་ཡུལ་སྐོར་མཛེས་ལྗོངས་ཁུལ་བར་གྱི་རྒྱལ་སྲུང་གཞུང་ལམ549ཡི་ལས་གཞི་འཛུགས་སྐྲུན་བྱེད་འགོ་ཚུགས་པ་རེད་ཅེས་རྫོང་དེའི་རྫོང་དཔོན་ཚབ་བྱེད་པ་ཧྥན་ཡུས་ལིའང་གིས་བཤད་པ་རེད། རྗེས་མའི་ལས་དོན་གླེང་སྐབས། ཁོང་གིས་ཡིད་ཆེས་ལྡན་པའི་སྒོས་ངེད་རྫོང་གི་འོད་འཕྲོ་ཕུག་ལམ་དང་། ཞི་ཁྲང་དང་སེམས་ཀྱི་ཉི་ཟླའི་བར་གྱི་མྱུར་བགྲོད་གཞུང་ལམ། ཁྲོན་བོད་ལྕགས་ལམ་བར་གྱི་འབྲེལ་མཐུད་ལམ། ཉི་སྟེན་ནས་མུ་ལིའི་ཆུ་གསུམ་མདོ་བར་གྱི་གཞུང་ལམ་ཚད་གཞི་རིམ་སྤར་གྱི་ལས་དོན་སོགས་སྔར་ནས་ཇུས་འགོད་བྱས་ཟིན། ཤང་དང་གྲོང་རྡལ་གྱི་འགྲུལ་སྐྱེལ་ས་ཚུགས་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་སྣེ་ལེན་ས་ཚུགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས། ཤང་དང་གྲོང་རྡལ་ཡོངས་ལ་འགྲུལ་སྐྱེལ་ས་ཚུགས་ཁེབས་པར་མངོན་འགྱུར་དང་། གྲོང་སྡེ་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཐོན་ཐུབ་པར་བྱས་ནས། འགྲུལ་སྐྱེལ་དྲྭ་རྒྱ་ཡིས་བརྒྱ་ཆ་དགུ་བཅུ་ཡན་ཆད་ཁེབས་ཐུབ་པར་ཧུར་བརྩོན་བྱ་རྒྱུ་ཡིན། དུས་མཉམ་དུ། ཤུགས་ཆེན་པོས་ཉི་སྟེན་གནམ་ཐང་གི་ཞབས་ཞུའི་ནུས་པ་ཇེ་ཆེར་བཏང་ནས། པེ་ཅིན་དང་། ཧྲང་ཧེ། ཀོང་ཀྲུའུ་སོགས་སུ་གནམ་གྲུའི་སྦྲེལ་ལམ་འཛུགས་དགོས། གནམ་གྲུར་བརྟེན་པའི་མཁའ་འགྲུལ་ཞབས་ཞུའི་ནུས་པ་ཆེར་བསྐྱེད་དང་། འདབ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་ནུས་ཇེ་ཆེར་གཏང་བ། གཞུང་ལམ་གྱི་སྐྱེལ་འདྲེན་དང་མཁའ་སྐྱེལ་གཙོ་བོ་བྱས་ནས་ཕྱོགས་མང་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྣམ་པ་བསྐྲུན་དགོས། སྟོབས་ཤུགས་ཡོད་དགུ་བཏོན་ནས་འགྲིམ་འགྲུལ་དབུལ་སྐྱོར་ལ་སྲ་བརྟན་གྱི་རྨང་གཞི་གདིང་དགོས་ཞེས་བཤད་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་ཁུལ2016ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་འགོད་ལ་ཆོ
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས།
  • དོ་སྣང་ཆེ་བའི་རྩོམ།