《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ》ཞེས་པ་པར་སྐྲུན་བྱས་འདུག

    མི་དམངས་དྲ་བ།    2019-12-03

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ》ཞེས་པ་ཉེ་ཆར་པར་སྐྲུན་གནང་།


《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ》ཞེས་པ་པར་སྐྲུན་བྱས་འདུག

     ཉེ་ཆར་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་སྒྲིག་འཛུགས་སྒོས་ཞིབ་བཤེར་གཏན་འབེབས་བྱས་པའི《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ་》ཞེས་པ་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་གནང་འདུག  དེབ་འདི་ནི་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བརྡ་ཆད་གསར་པ་ཚད་ལྡན་ཅན་གཏོང་བའི་ཐད་ནས་བླངས་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཤིག་ཡིན་པ་དང་། རྒྱ་བོད་ཡིག་སྒྱུར་གྱི་བརྡ་ཆད་གསར་པ་རྣམས་གཅིག་གྱུར་དང་ཚད་ལྡན་བཏང་བའི་གྲུབ་འབྲས་གསར་ཤོས་ཤིག་ཀྱང་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོར་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས“གྲངས་ཉུང་མི་རིགས་ཀྱི་བརྡ་ཆད་གསར་པ་ཚད་ལྡན་ཅན་འཛུགས་སྐྲུན”གྱི་རྣམ་གྲངས་སྤེལ་འགོ་ཚུགས་རྗེས། སྔ་རྗེས་སུ་པེ་ཅིན་དང་། བོད་རང་སྐྱོང་ལྗོངས། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་བཅས་ཀྱི་ཡིག་སྒྱུར་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མི་ཐེངས300སྒྲིག་འཛུགས་བྱས་ནས་རྒྱ་བོད་ཡིག་སྒྱུར་གྱི་བརྡ་ཆད་གསར་པ་ཞིབ་བཤེར་གཏན་འབེབས་བྱས་ཤིང་། བགྲང་བྱ10ཡི་རིང་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་ནས2018ལོའི་མཚམས་སུ་སླེབས་སྐབས་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་པའི་རྣམ་པ་ཞིག་ངང་གིས་ཆགས་ཡོད་ཅིང་། དེའི་ནང་དོན་ནི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ། སློབ་གསོ། བཅའ་ཁྲིམས། སྐྱེ་ཁམས། དྲ་རྒྱའི་སྨྱན་སྦྱོར་ལ་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་རྒྱ་བོད་ཡིག་སྒྱུར་གྱི་བརྡ་ཆད་གསར་པ་ཁག་གཅིག་རེད་འདུག


《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ》ཞེས་པ་པར་སྐྲུན་བྱས་འདུག


     འབྲེལ་ཡོད་མི་སྣས་ངོ་སྤྲོད་གནང་བ་ལྟར་ན།《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་པ་》ཞེས་པའི་ནང་དུ་བརྡ་ཆད8000ལ་ཉེ་བ་ཙམ་ཞིག་འཚོལ་བསྡུ་བྱས་ཡོད་ཅིང་། ཕྱོགས་སྒྲིག་དང་ལེགས་སྒྲིག་བྱེད་པའི་བརྒྱུད་རིམ་ནང་མང་ཚོགས་ཅན་དང་། ཚན་རིག་ཅན། དུས་རབས་ཅན་བཅས་ཀྱི་བླང་བྱ་གཟབ་ནན་སྒོས་གཞིར་བཟུང་སྟེ། ཞིབ་བཤེར་གཏན་འབེབས་བྱས་པའི་ཐ་སྙད་མཐའ་དག་ནི་ཚིག་ཉུང་ཞིང་དོན་གསལ་བ་དང་གོ་སླ་བ། བོད་ཡིག་གི་སྲོལ་རྒྱུན་མཚོན་ཐབས་དང་བརྡ་སྤྲོད་ཀྱི་ཆོས་ཉིད་དང་མཐུན་པ། ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བཅས་ཚད་ལྡན་ཞིག་ཡོང་བར་གང་ཐུབ་ཅི་ཐུབ་བྱས་ཡོད། དེབ་འདིའི་ནང་གི་ཐ་སྙད་ཚང་མ་སྔོན་ལ་ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་འཚོལ་བསྡུ་ལེགས་སྒྲིག་བྱས་པ་དང་འབྲེལ་ཡིག་སྒྱུར་དང་གྲ་སྒྲིག་ཞིབ་བཤེར་བྱས་རྗེས། པེ་ཅིན་དང་། བོད་རང་སྐྱོང་ལྗོངས། ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་བཅས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་རྣམས་གདན་ཞུ་གནང་ནས་ཐུན་མོང་ཐོག་ཞིབ་བཤེར་གཏན་འབེབས་བྱས་པས་དབང་གྲགས་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ངེས་ཅན་ལྡན་ཡོད། དེབ་འདི་དཔེ་སྐྲུན་བྱས་པ་དེས་རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་ཡིག་སྒྱུར་ལས་རིགས་ཀྱིས་ཚད་ལྡན་གྱི་ཐ་སྙད་གསར་པ་གཅིག་གྱུར་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་བོད་ཡིག་སྒྱུར་གྱི་བརྡ་ཆད་གསར་པ་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ། རྒྱ་བོད་ཡིག་སྒྱུར་གྱི་བྱ་གཞག་ཚན་རིག་དང་མཐུན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་སྒོས་འཕེལ་རྒྱས་འགྲོ་རྒྱུར་ལག་རྗེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས།

  • ལེ་ཚན་སྔོན་མ།:ཀྱག་ཀྱོག་གི་མཁའ་ལམ་རིང་པོ།
  • ལེ་ཚན་རྗེས་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ་བ། ཙུང་ལི་ལི་ཁེ་ཆང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།