རང་ཁུལ་གྱིས་ཐེངས་དང་པོར་བྱིས་པའི་ལྷན་སྐྱེས་སྙིང་ནད་གཤགས་བཅོས་བྱས།

ཀུན་དགས་བསྒྱུར།        2016-12-13

      ཉེ་ཆར། དཀར་མཛེས་ཁུལ་སྨན་ཁང་གིས་ལོ10ཡིན་པའི་ལྷན་སྐྱེས་སྙིང་ནད་ཕོག་པའི་ནད་པ་པའེ་ལི་ལ་གཤགས་བཅོས་བྱས་ཏེ་གཤགས་བཅོས་ལེགས་འགྲུབ་བྱུང་ཡོད་ཅིང་། དེས་དཀར་མཛེས་ཁུལ་སྨན་ཁང་གིས་ཐེངས་དང་པོར་བྱིས་པའི་ལྷན་སྐྱེས་སྙིང་ནད་གཤགས་བཅོས་ཐུབ་པ་མཚོན་ཡོད་ལ་བྱིས་པའི་ལྷན་སྐྱེས་སྙིང་ནད་གཤགས་བཅོས་སྐོར་གྱི་ནུས་པ་དང་ཆུ་ཚད་མངོན་པ་ཞིག་ཀྱང་རེད།  ཉིན་དེར། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧའོ་པིའོ་དང་སུའུ་ཧའེ་ཅུན། ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན་བཅས་ཀྱི་འགོ་ཁྲིད་ཚོ་ཁུལ་སྨན་ཁང་དུ་པའེ་ལི་ལ་ལྟ་སར་སོང་བ་དང་།  ཆབས་ཅིག་ཏུ་གཤགས་བཅོས་ལག་ལེན་བྱས་པའི་ཧྭ་ཞི་སྨན་ཁང་གཉིས་པའི་ཆེད་ལས་སྨན་པ་དང་ཁུལ་སྨན་ཁང་བྱིས་ནད་ཚན་ཁག་གི་སྨན་པ་ཚོར་བཀའ་དྲིན་ཞུས་པ་རེད། གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན།  ཉེ་ཆར། སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་པའི་མོ་ནད་དང་བྱིས་ནད་སྨན་ཁང་གི་ཆེད་ལས་སྨན་པ་མཁས་ཅན་ཧྭ་དབྱི་མིང་གིས་སྒྲིག་འཛུགས་སྣེ་ཁྲིད་བྱས་པའི་ཆེད་ལས་ཚོ་ཆུང་ཁུལ་སྨན་ཁང་དུ་བསྡད་ནས་མཉམ་ལས་གཤགས་བཅོས་ཀྱི་ལས་ཀ་སྤེལ་བཞིན་ཡོད་པ་རེད། ཟླ་བ12པའི་ཚེས3ཉིན་གྱི་ཕྱི་དྲོའི་བར། མཉམ་ལས་སྨན་བཅོས་ཚོ་ཆུང་གིས་རང་ཁུལ་གྱི་ནད་པ32ལ་གཤགས་བཅོས་བྱས་པ་རེད།

      དུས་ཡུན་རིང་པོའི་ཁྲོད་དུ་རང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཚོ་རྒྱ་ནག་པེ་ཅིན་དང་ཁྲེང་ཏུའུ་སོགས་སྨན་ཁང་ཆེན་མོར་གཤགས་བཅོས་དང་སྨན་བཅོས་བྱེད་སར་འགྲོ་དགོས་པས་གཅིག་ནི་ལམ་ཐག་རིང་བ་དང་གཉིས་ནི་དཔལ་འབྱོར་གྱི་ཆ་རྐྱེན་ཞན་པའི་དབང་གིས་ཁྱིམ་ཚང་གི་དཀའ་ངལ་ཧ་ཅང་ཆེ་བ་རེད། གནས་ཚུལ་དེ་དང་བསྟུན་ནས་ཁུལ་སྨན་ཁང་གིས་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ་སེར་ཤུལ་དང་སྡེ་དགེ གསེར་ཐར། དཀར་མཛེས་བཅས་རྫོང་ཁག་ཏུ་སོང་ནས་གཤགས་བཅོས་རུང་མིན་ཞིབ་བཤེར་དང་ཁམས་བདེ་སློབ་གསོའི་སྐོར་གྱི་བྱ་འགུལ་སྤེལ་བ་རེད། ཐེངས་འདིའི་ཞིབ་བཤེར་ཁྲོད་དུ་གཤགས་བཅོས་རུང་བའི་ནད་པ32ཡོད་པ་རེད།

      ཡང་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བ12པའི་ཚེས1ཉིན། རང་ཁུལ་གྱི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་གཤགས་བཅོས་བྱེད་པའི་མཛད་སྒོ་དེ་ཁུལ་སྨན་ཁང་གཉིས་པའི་སྨན་བཅོས་ཁུལ་དུ་སྤེལ་བ་དང་། ཁུལ་དཔོན་གཞོན་པ་ཧའོ་པིའོ་དང་སུའུ་ཧའེ་ཅུན། ཧྭ་ཞིན་སྨན་ཁང་གཉིས་པའི་སྨན་པ་མཁས་ཅན་ཧྭ་དབྱི་མིང་བཅས་མཛད་སྒོར་ཞུགས་པ་རེད།

      ཧའོ་པིའོ་ཡིས་ཤིས་ཚིག་གསུང་སྐབས་བཤད་དོན། རང་ཁུལ་གྱིས་ལྷན་སྐྱེས་སྙིང་ནད་གཤགས་བཅོས་ལེགས་འགྲུབ་ཡོང་བ་ནི་རང་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་འཐབ་ཕྱོགས་ཐོག་གི་བློ་མཐུན་ཚོས་རྒྱལ་ཡོངས་འཕྲོད་བསྟེན་དང་ཁམས་བདེའི་ཚོགས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཁམས་བདེ་སྔོན་ལ་གཞག་དགོས་ཞེས་པའི་གལ་ཆེ་བའི་དགོངས་དོན་ཞིབ་ཕྲའི་ངང་བྱ་སྤྱོད་དུ་ལག་བསྟར་བྱས་པ་མཚོན་ཐུབ་ལ་རང་ཁུལ་དང་སི་ཁྲོན་སློབ་ཆེན་སྨན་ཁང་གཉིས་པས་མཉམ་ལས་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་ཞིག་ཀྱང་ཡིན། ཁོང་གིས་མུ་མཐུད་བཤད་དོན། རང་ཁུལ་གྱི་སྨན་བཅོས་ལས་སྒྲུབ་པ་ཚོས་ཧྭ་ཞི་སྨན་ཁང་གཉིས་པའི་ཆེད་ལས་སྨན་པ་ཚོ་ཆུང་གིས་སྣེ་ཁྲིད་འོག རྒྱུན་ཆད་མེད་པར་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོར་བཏང་ནས་སྙིང་ཐག་པ་ནས་ནད་པར་ཞབས་ཞུ་བསྒྲུབ་རྒྱུ་དང་དཀར་མཛེས་ས་ཆེན་སྟེང་གི་ནད་པ་ཡོངས་ལ་ཕན་པ་བསྒྲུབ་རྒྱུའི་རེ་བ་ཤིན་ཏུ་ཆེ།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་སོ་སོས་དགུན་དཔྱིད་དུས་ཚིགས་ཀྱི་ནགས་ཚལ་མེ་འགོག་གི་ལས་ཀ་ཡག་པོ་སྒྲུབ།
  • ལེ་ཚན་རྗེས་མ།:མ་དངུལ་སྒོར་དུང་ཕྱུར1.2ལྷག་བཏང་ནས་མང་ཚོགས་ཁྲི་ལ་ཕན་ཐོགས།
  • དོ་སྣང་ཆེ་བའི་རྩོམ།