པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པའི་བརྡ་ཐོ་དང་པོ།

    མི་དམངས་དྲ་བ།    2019-11-11

     སྤྱི་ལོ2020ལོའི་ཟླ་བརྒྱད་པར་པེ་ཅིན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་འཚོགས་འཆར་ཡོད། ཚོགས་འདུ་དེ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་དར་སྤེལ་ལྷན་ཚོགས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བཅས་ཀྱིས་མཉམ་དུ་བསྐོང་རྒྱུ་ཡིན། དེ་འབྲེལ་གནས་ཚུལ་ཞིབ་ཕྲ་གཤམ་གསལ་ལྟར་སྟེ། 
     དང་པོ། ཚོགས་འདུའི་བརྗོད་གཞི།
     བོད་རིག་པའི་དར་འཕེལ་དང་སྒོ་དབྱེའི་བོད་ལྗོངས།
     གཉིས་པ། ཚོགས་ཡུན། 
     ཟླ8ཚེས13-15བར།{ཚེས12ལ་འབྱོར་ཐོ་འགོད་དགོས།}
ཟླ8ཚེས16-19བར་ཕྱི་རྒྱལ་གྱི་མཁས་དབང་ཁག་ཅིག་ཀྲུང་གོའི་བོད་རིགས་ས་ཁུལ་དུ་རྟོག་ཞིབ་ལ་བསྐྱོད་རྒྱུ།
     གསུམ་པ། ཚོགས་གནས། 
     ཀྲུང་གོའི་པེ་ཅིན་གྱི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས།
     བཞི་པ། ཐོ་འགོད་སྟངས།
     ཡིག་སྒམ་bists2020@163.comབརྒྱུད་དེ་བརྡ་ལན་གནང་བའམ་ཡང་ན་ཨང་གྲངས010-64928545དང་། 0086-10-64945120ལ་བརྙན་སྐྱེལ་གནང་རོགས།
     ལྔ་པ། ཐོ་འགོད་གྲོན་དངུལ།
     ཀྲུང་གོའི་སྐམ་ས་ཆེན་མོའི་ཚོགས་ཞུགས་པས་ཐོ་འགོད་གྲོན་དངུལ་གནང་མི་དགོས་མོད། ཚོགས་འདུའི་རིང་གི་ཞལ་ལག་དང་བཞུགས་གནས་སོ་སོས་ཐག་གཅོད་གནང་དགོས། ཕྱི་རྒྱལ་གྱི་ཚོགས་ཞུགས་པས་ཐོ་འགོད་གྲོན་དངུལ་ཨ་སྒོར་སུམ་བརྒྱ་ཕུལ་དགོས། ཕྱི་འགྲིམ་སློབ་མར་གྲོན་དངུལ་ཕྱེད་ཀ་གཅོག་གི་ཡོད།
     དྲུག་པ། ཐུགས་འཇོག་གནང་ས།
    གཅིག ཚོགས་འདུར་བོད་རྒྱ་དབྱིན་སྐད་རིགས་གསུམ་སྤྱོད་པས། ཁྱེད་ཀྱིས་དེ་གསུམ་ལས་གང་རུང་སྤྱད་དེ་སྒྲོག་སྦྱང་གནང་ཆོག དུས་ཡུན་སྐར་མ་ཉི་ཤུ་ལས་བརྒལ་མི་རུང་།
     གཉིས། ཁྱེད་ཀྱིས་སྤྱི་ལོ2020ལོའི་ཟླ་དང་པོའི་ཚེས31གོང་དུ་ཡིག་འབྲུ་ལྔ་བརྒྱ་ཡས་མས་ཀྱི་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་བསྐུར་དགོས། ཡིག་སྒྱུར་གནད་ཁེལ་ཡོང་ཆེད། ཀྲུང་གོའི་སྐམ་ས་ཆེན་མོའི་ཚོགས་ཞུགས་པས་རྒྱ་བོད་དབྱིན་ཡིག་རིགས་གསུམ་གྱི་ནང་དོན་གནད་བསྡུས་མཁོ་འདོན་གནང་དགོས། ཀྲུང་གོའི་ཤང་ཀང་དང་། ཨའོ་མན། ཐེ་ཝན། དེ་བཞིན་ཕྱི་རྒྱལ་གྱི་ཚོགས་ཞུགས་པས་མ་མཐར་ཡིག་རིགས་གཉིས་ཀྱི་ནང་དོན་གནད་བསྡུས་མཁོ་འདོན་གནང་དགོས།
    གསུམ། ནང་དོན་གནད་བསྡུས་ལ་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཀྱི་དཔྱད་རྩོམ་ལྟ་བཤེར་ལྷན་ཚོགས་ཀྱིས་ཞིབ་བཤེར་གྲོས་མོལ་བརྒྱུད་དང་ལེན་བྱས་ཚེ། ང་ཚོས་སྤྱི་ལོ2020ལོའི་ཟླ2ཚེས29སྔོན་དུ་བརྡ་ཐོ་ཐེངས་གཉིས་པ་གཏོང་འཆར་ཡོད། ཚོགས་འདུའི་དཔྱད་རྩོམ་ངེས་པར་དུ་གསར་རྩོམ་རང་བཞིན་གྱི་ཞིབ་འཇུག་འབྲས་བུ་དང་། གཞན་དུ་སྤེལ་མེད་པའམ་སྒྲོག་སྦྱང་གནང་མེད་པ་ཡིན་དགོས། 
     བཞི། གལ་སྲིད་སྐུ་ཉིད་ཆེད་དོན་དཔྱད་གླེང་ཚོ་ཆུང་ངམ་ཅོག་ཙེ་སྒོར་མོའི་ཚོགས་འདུ་བསྐོང་འདོད་ཚེ་སྤྱི་ལོ2020ལོའི་ཟླ་བ་དང་པོའི་ཚེས30སྔོན་དུ་རེ་ཞུ་གནང་དགོས་པ་དང་། ཡིག་འབྲུ་ལྔ་བརྒྱ་ཡན་གྱི་གསལ་བཤད་དགོས་ལ་དེའི་ནང་དཔྱད་གླེང་གི་ཁ་བྱང་དང་། ཚོ་ཆུང་གི་ཁོངས་མིའི་མཚན་ཐོ། འབྲེལ་གཏུག་ཨང་གྲངས་བཅས་ཚུད་དགོས།
     ལྔ། གལ་སྲིད་སློབ་མ་ལྟ་བུ་ཟུར་ཉན་པ་ཡིན་ན། སྤྱི་ལོ2020ལོའི་ཟླ་དང་པོའི་ཚེས31སྔོན་དུ་ཡིག་འབྲུ་བདུན་བརྒྱ་ལྔ་བཅུ་ཙམ་གྱི་རང་ཉིད་ཀྱི་ལས་ཀ་དང་། སློབ་སྦྱོང་གནས་ཚུལ། ཞིབ་འཇུག་ཁྱབ་ཁོངས། ཞིབ་འཇུག་སྤྲོ་སྣང་བཅས་གསལ་བཤད་ཀྱི་སྙན་ཞུ་ཞིག་དགོས་པ་གང་ཞིག འབྲེལ་ཡོད་ཆེད་མཁས་དང་རང་གི་ལས་ཁུངས་ཀྱི་ངོ་སྤྲོད་ཡི་གེ་ཞིག་དགོས། ཕྱི་རྒྱལ་གྱི་ཟུར་ཉན་པ་ཡང་ཐོ་འགོད་གྲོན་དངུལ་གནང་དགོས།
    དྲུག གལ་སྲིད་སྐུ་ཉིད་ཕྱི་རྒྱལ་གྱི་ཚོགས་ཞུགས་པ་ཡིན་ན། འཐུས་མཆན་དང་། ཕྱི་རྒྱལ་གྱི་བདེ་ཐང་འགན་བཅོལ། འགན་འཁྲི་འགན་བཅོལ་བཅས་སོ་སོས་གཉེར་དགོས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ནས་འཐུས་མཆན་གཉེར་བར་མཁོ་བའི་གདན་ཞུའི་ཡི་གེ་མཁོ་འདོན་བྱེད། གལ་སྲིད་འཐུས་མཆན་གཉེར་བར་མཐུན་སྦྱོར་མཁོ་ཚེ། ཉིད་ནས་གློག་རྡུལ་ཡིག་སྒམ་བརྒྱུད་དེ་ཕྱི་སྐྱོད་ལམ་ཡིག་ཨང་གྲངས་དང་། དེའི་ཐོག་འཁོད་པའི་ཉིད་ཀྱི་མཚན་བསྐུར་དགོས་པ་དང་། ང་ཚོས་ངོ་སྤྲོད་ཡི་གེ་བསྐུར་ཏེ་འཐུས་མཆན་ཐོབ་པར་ཕན་པ་བསྐྲུན་ཆོག
     བདུན། བོད་རྒྱ་དབྱིན་ཡིག་རིགས་གསུམ་གྱི་སྐད་སྒྱུར་བྱ་དུས་མཚན་ལ་གོ་འཛོལ་མི་འབྱུང་བའི་ཆེད། ཁྱེད་ཀྱིས་བརྡ་ལན་དུ་མཚན་བོད་རྒྱ་དབྱིན་གསུམ་ཚང་མ་གསལ་པོར་འགོད་དགོས་ལ། དེའི་ནང་ལས་ཁུངས་དང་། ཁ་པར། བརྙན་སྐྱེལ། ཡིག་སྒམ། ཕྱི་སྐྱོད་ལམ་ཡིག་སོགས་ཀྱི་ཆ་འཕྲིན་ཆ་ཚང་བ་བསྐང་དགོས། ང་ཚོས་དུས་ཐོག་ཏུ་ཉིད་ལ་འབྲེལ་ཡོད་ཆ་འཕྲིན་བསྐུར་ཆོག
     བདུན་པ། འབྲེལ་གཏུག་གནང་ཡུལ།
     གཅིག ཀྲུང་གོའི་སྐམ་ས་ཆེན་མོའི་ཚོགས་ཞུགས་མི་སྣའི་འབྲེལ་གཏུག་གནང་ས།
     གུའུ་ཧུང་། 
     ཁ་པར་ཨང་གྲངས། 010-64928545
     བརྙན་སྐྱེལ་ཨང་གྲངས། 010-64928545
     ཡིག་སྒམ། bists2020@163.com
     གཉིས། ཀྲུང་གོའི་ཤང་ཀང་དང་། ཨའོ་མན། ཐེ་ཝན། དེ་བཞིན་ཕྱི་རྒྱལ་གྱི་ཚོགས་ཞུགས་མི་སྣའི་འབྲེལ་གཏུག་གནང་ས།
    ཀྲང་སེ་ལུ། 
    ཁ་པར་ཨང་གྲངས། 0086-10-64945120ཡང་ན། 64948054
    བརྙན་སྐྱེལ་ཨང་གྲངས། 0086-10-64945120
     ཡིག་སྒམ། bists2020@163.com
                                                          ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས།
                                                                  སྤྱི་ལོ2019ལོའི་ཟླ11ཚེས7ཉིན།

  • ལེ་ཚན་སྔོན་མ།:མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།
  • ལེ་ཚན་རྗེས་མ།:ཆོས་དབྱིངས་སྐྱིད་ཀྱིས་ཡང་བསྐྱར་རྒྱལ་སྤྱིའི་ཨང་དང་པོ་བླངས་འདུག
  • དོ་སྣང་ཆེ་བའི་རྩོམ།