སྔོ་ཚལ་ཚོང་ཁྲོམ་ལས་དུས་རབས་ཀྱི་འགྱུར་ལྡོག་མངོན།

དབྱངས་ཅན་གྱིས་བསྒྱུར།        2019-10-14

    སྔོན་ཆད་བཟའ་རྒྱུ་དཀོན་ནས་ཅི་ཡོད་ན་དེ་བཟའ་དགོས།

    དཔལ་ཡུལ་རྫོང་གིས1963ལོ་ནས་བཟུང་སྔོ་ཚལ་འདེབས་འཛུགས་བྱས་པ་རེད། གཙོ་བོ་ལོང་གོའི་པད་ཚལ་དང་། ལ་ཕུག་དཀར་པོ། ཚལ་སྲན། ལྷོ་ཀུབ། གསེར་ཕུད། ཞོག་ཁོག་སོགས་ཡོད། དེའི་ནང་ལོང་གོའི་པད་ཚལ་དང་། ལ་ཕུག་དཀར་པོ། ཞོག་ཁོག་བཅས་ཀྱི་སྐྱེ་སྟོབས་ཆེས་བཟང་བར་བརྟེན། སྐབས་དེར་དཔལ་ཡུལ་གྱི་སྐད་གྲགས་ཆེ་བའི་ཚལ་རིགས་གསུམ་དུ་བརྩི་བཞིན་ཡོད། ལས་བྱེད་པ་དང་ལས་བཟོའི་སྔོ་ཚལ་ཟ་རྒྱུ་རག་དཀའ་བའི་གནད་དོན་ཐག་གཅོད་བྱེད་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆུ་བོའི་ནུབ་རྒྱུད་ཁྲོམ་ལམ(ད་ལྟའི་ལྡུམ་རའི་བཟོ་པའི་འདུས་ཁུལ) ནས་སྤྱི་བདེ་ཅུས་རྙིང་པའི་ས་ཕྱོགས་གྲམ་ཁའི་བྱེ་ས་ཕྱོགས་དེ་རྫོང་རིམ་པའི་སྡེ་ཚན་སོ་སོར་བགོས་ཏེ་སྡེ་ཚན་གྱི་ཐུན་མོང་ཚལ་ཞིང་བྱས་པ་དང་། སྔོ་ཚལ་ཐོན་ལེགས་བྱུང་ནས་བརྔ་བསྡུ་བྱས་རྗེས་ལས་བྱེད་པ་དང་ལས་བཟོ་ཚོར་བགོས་པ་དང་། ལས་བྱེད་པ་དང་ལས་བཟོ་འགའ་ཡིས་སྡེ་ཚན་གྱི་སྒོ་རའི་ས་སྟོང་གསར་སྦོལ་བྱས་རྗེས་ར་བ་བསྐོར་ཏེ་སྔོ་ཚལ་བཙུགས་པ་དང་རང་གིས་བཙུགས་པའི་སྔོ་ཚལ་རང་ལ་དབང་བ་རེད། ལས་བྱེད་པ་དང་ལས་བཟོ་ཕལ་ཆེར་སྔོ་ཚལ་འཇོག་སའི་ས་དོང་ཡོད་པས་བརྔ་བསྡུ་བྱས་པའི་སྔོ་ཚལ་དག་ས་དོང་དེར་འཇོག་པ་དང་། ས་དོང་མེད་མཁན་ཚོས་སྔོ་ཚལ་དེ་དག་ཁང་པའི་ཟུར་ཁུག་ལ་བཞག་རྗེས་སོག་མས་བཀབ་ནས་དྲོད་སྲུང་བཞིན་པ་རེད། སྡེ་ཚན་གྱིས་བགོས་པའི་སྔོ་ཚལ་དང་རང་གིས་བཙུགས་པའི་སྔོ་ཚལ་དེ་དག་དཔྱིད་ཀ་ཤར་ནས་སྔོ་ཚལ་གསར་པ་ཟ་མ་རན་གྱི་བར་དུ་འདང་ཐུབ། དེའི་སྐབས་སུ་ཞིང་ལས་ཉོ་ཚོང་ཚོང་ར་མེད་ནས་སྔོ་ཚལ་བྲིན་ཚོང་བྱེད་མཁན་མེད་པས་ཉེ་འབྲེལ་བར་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་བཞིན་པ་རེད།

    《དཔལ་ཡུལ་རྫོང་གི་ལོ་རྒྱུས》ཞེས་པར་བཀོད་པ་ལྟར་ན། བཅིངས་འགྲོལ་གཏོང་མེད་པའི་སྔོན་དུ་དཔལ་ཡུལ་རྫོང་གི་ཐོན་རྫས་བརྗེ་རེས་བྱེད་སའི་ཐབས་ལམ་ཕལ་ཆེར་ནི་ཡུལ་དེའི་ཞིང་པ་དང་འབྲོག་པའི་ཐོན་རྫས་ཡིན་པ་དང་ཡང་ན་ཡུལ་དེ་དང་ཕྱི་ཡུལ་བར་ཕན་ཚུན་ཉོ་ཚོང་བྱེད་བཞིན་པ། ཕལ་ཆེར་སྐོར་སྐྱོད་རང་བཞིན་གྱི་ཁྱད་ཆོས་ལྡན་ནས་སྐོར་ཚོང་རྒྱག་མཁན་མང་བ་ལས་ཡུལ་དེར་སྡོད་དེ་ཚོང་རྒྱག་མཁན་ནི་ཉུང་བ་རེད། བཅིངས་འགྲོལ་གཏོང་བའི་དུས་འགོར་སྲོལ་རྒྱུན་གྱི་ཉོ་ཚོང་བྱེད་ཚུལ་ཉམས་གསོ་དང་དར་རྒྱས་བྱུང་བའི་རྨང་གཞིའི་ཐོག་མི་དམངས་མང་ཚོགས་ལ་ཐོན་སྐྱེད་ཧུར་ཐག་དང་རང་ཐོན་རང་འཚོང་བྱེད་པར་སྐུལ་མ་བཏང་སྟེ་ཚོང་ཟོག་ཚོང་ཁྲོམ་དུ་འདོན་ཚད་ཚོད་འཛིན་མི་བྱེད་པ་རེད། 1953ལོ་ནས1980ལོར་དཔལ་ཡུལ་རྫོང་གི་ཞོར་ཐོན་ཟས་རིགས་དག་རྫོང་མི་རིགས་ཉོ་ཚོང་སྤྱི་གཉེར་ཁང་གིས་འཛིན་ལྟར་འཁོར་འདོན་བྱེད་པ་དང་། གཙོ་བོ་ཚྭ་དང་། ཇ། ཤ་བསྙལ་མ། ཕག་སྣུམ། མངར་རིགས་སོགས་དངོས་རྫས་ཚང་མ་ཁྲེང་ཏུའུ་སོགས་ས་ཆ་ནས་ཉོས་རྗེས་དཔལ་ཡུལ་དུ་སྐྱེལ་འདྲེན་བྱས་ཡོང་བ་རེད།

    ད་ལྟར་བཟའ་རྒྱུ་འབེལ་ནས་གང་ཟ་འདོད་ན་དེ་ཟ་ཆོག

    བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་སྤེལ་བ་དང་སྦྲགས། དཔལ་འབྱོར་དང་སྔོ་ཚལ་ཚོང་ར་ཡོངས་སུ་འཕེལ་རྒྱས་བྱུང་ནས། རྫོང་དེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཚོང་ཁྲོམ་གཤོམ་མཁན་སྒེར་གཉེར་དུད་ཚང་ཡོད་པར་མ་ཟད། ད་དུང་ཕྱི་ཡུལ་གྱི་ཚོང་པ་རྫོང་དེར་ཕྱིན་ནས་རྒྱུན་ལྡན་གྱི་ཚོང་གཉེར་བྱེད་ཆོག་པ་དང་། ཕྱི་ཡུལ་གྱི་ཞིང་པ་ཚོ་གཅིག་རྗེས་གཉིས་མཐུད་དུ་དཔལ་ཡུལ་རྫོང་ལ་ཕྱིན་ནས་ཞིང་པའི་ས་ཞིང་འགན་གཙང་ལེན་བྱས་རྗེས་སྔོ་ཚལ་འདེབས་འཛུགས་བྱས་ཏེ་ཚོང་ཁྲོམ་དུ་བྲིན་འཚོང་བྱེད་བཞིན་པ་རེད། དེ་ནས་ཅུང་མ་འགོར་ནས་སྒེར་ཚོང་རྒྱག་མཁན་འགའ་ལྕགས་ཟམ་རྫོང་དང་། ཧན་ཡོན། ཁྲེང་ཏུའུ་སོགས་ས་ཆ་ནས་སྔོ་ཚལ་དང་། ཤིང་ཏོག ཤ་རིགས། ཞོར་ཟས་སོགས་དཔལ་ཡུལ་དུ་སྐྱེལ་འདྲེན་བྱས་ཏེ་བྲིན་འཚོང་བྱེད་བཞིན་པ་རེད། རྫོང་དེའི་མི་རིགས་ཉོ་ཚོང་སྤྱི་གཉེར་ཁང་གི་ཞོར་ཟས་ཀྱི་སྣ་ཁའང་ཉིན་བཞིན་འབེལ་པོ་བྱུང་ནས་མཁོ་འདོན་བྱེད་ཡས་ཞོར་ཟས་ཀྱང་སྣ་མང་ཕུན་སུམ་ཚོགས་པ་རེད།

    བཅོས་བསྒྱུར་སྒོ་འབྱེད་ཟབ་ཏུ་སྤེལ་བ་དང་སྦྲགས། འཆར་ལྡན་དཔལ་འབྱོར་རིམ་བཞིན་ཚོང་རའི་དཔལ་འབྱོར་དུ་བསྒྱུར་བ་རེད། རྒྱལ་ཁབ་འགའ་ཞིག་གི་དམིགས་དཀར་ཚོད་འཛིན་ཚོང་རྫས་ཀྱི་སྒོ་འབྱེད་བྱེད་མེད་པར་ཕུད། གཞན་པའི་ཚོང་རྫས་ཡོད་ཚད་ཚོང་རའི་དཔལ་འབྱོར་དུ་བསྒྱུར་ནས་འཚོ་བའི་སྤྱོད་ཆས་ཡོད་ཚད་དཔལ་ཡུལ་རྫོང་གི་ཚོང་ཁྲོམ་དུ་ཉོ་སྒྲུབ་བྱེད་ཐུབ་པ་རེད། སྔོ་ཚལ་ཚོང་ར་རྒྱུན་ཆད་མེད་པ་འགྱུར་ལྡོག་འགྲོ་བཞིན་པ་དང་སྦྲགས། དཔལ་ཡུལ་མི་དམངས་ཀྱི་འཚོ་བའང་རྒྱུན་ཆད་མེད་པ་འགྱུར་ལྡོག་དང་ཇེ་ཡག་ཏུ་འགྲོ་བཞིན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གི་དབུ་ཁྲིད་འོག ལོ་བརྒྱ་ཉིས་ཀྱི་འབད་འཐབ་དམིགས་ཡུལ་རིམ་བཞིན་མངོན་འགྱུར་ཡོང་བ་དང་སྦྲགས། དཔལ་ཡུལ་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ཡོང་སྲིད་པ་རེད།།

  • ལེ་ཚན་སྔོན་མ།:འུ་ལག་རི་བོའི་གཡང་གཟར་བདེ་བགྲོད་ལམ་དུ་གྱུར།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་གིས་གེ་སར་མཁར་རྫོང་སྒོ་ཕྱེས་པ་ནས་བཟུང་ཡུལ་སྐོར་བ་འབུམ་ལྷག་ལ་སྣེ་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།