འུ་ལག་རི་བོའི་གཡང་གཟར་བདེ་བགྲོད་ལམ་དུ་གྱུར།

ཡེ་མགོན་གྱིས་བསྒྱུར།        2019-10-11


    འུ་ལག་རི་བོ་ལ་ཁྲོན་བོད་གཞུང་ལམ་གྱི་ཉེན་ཆེན་གཡང་གཟར་དང་པོ་ཞེས་བརྗོད་སྲོལ་ཡོད་ཅིང་། 1998ལོར། དེའི་སྐབས་ཀྱི་གནས་ཚུལ་ལ་ཆ་བཞག་ནས་བཤད་ན་རྒྱལ་ཡོངས་སུ་ཆེས་རིང་བ་དང་མཚོ་འཕགས་ཆེས་མཐོ་བའི་གཞུང་ལམ་གྱི་ཕུག་ལམ་འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་ཡོད། ཉེ་ཆར་སྨྱུག་འཛིན་པས་སླར་ཡང་འུ་ལག་རི་བོའི་ཕུག་ལམ་གྱི་ཡུལ་དངོས་སུ་ཕྱིན་ནས་ལོ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་བོད་དུ་འཇུག་སའི་གཞུང་ལམ་གྱི་ཉམས་འགྱུར་ལ་རྗེས་དྲན་བྱེད་དུས།

    འཕྲིན་བཟང་གི་སྙན་བརྡ།

    བོད་ཁུལ་ལ་དཔལ་འབྱོར་འཕེལ་རིམ་མགྱོགས་པའི་གསེར་གྱི་གཤོག་རྩལ་བསྣན།

    1998ལོའི་སྤྱི་ཟླ12པའི་ཚེས21ཉིན་ཁྲོན་བོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་པའི་ཉིན་མོར་ངེད་ཚགས་པར་ཁང་གིས་གསར་འགྱུར་སྤེལ་སྐབས “ཕུག་ལམ་གྱིས་ཤར་ནུབ་སྦྲེལ་ནས་སྐྱེལ་འདྲེན་བྱ་གཞག་ལ་སྟབས་བདེ་བསྐྲུན། འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་ནས་དཀར་མཛེས་ཁུལ་དང་བོད་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ཆ་རྐྱེན་དེ་བས་ཡག་པོ་བསྐྲུན་པར་བརྟེན། བོད་ཁུལ་གྱི་དཔལ་འབྱོར་འཕུར་བ་ལྟར་འཕེལ་རྒྱས་བྱུང་བར་གསེར་གྱི་གཤོག་རྩལ་སྣོན་ངེས་ཡིན་པ་ནི་འཕྲིན་བཟང་གི་སྙན་བརྡ་རེད”ཅེས་བཀོད་ཡོད་པ་ཞིག་རེད།

    གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་རྗེས་རླངས་འཁོར་ལམ་བགོས་ནས་འགྲོ་ཆོག་ཅིང་། འུ་ལག་རི་བོའི་ཕུག་ལམ་རྙིང་པའི་ཐོག་རླངས་འཁོར་བཞུད་ཚད་ཀྱི་ཐེངས་གྲངས་ཉིན་རེར2000ལྷག་ཡོད་པའི་ནང་གཙོ་བོ་ནི་དོས་སྐྱེལ་རླངས་འཁོར་ཆེ་གྲས་ཡིན་པར་བརྟེན། སྔར་བཞིན་དངོས་ཟོག་འདྲེན་སའི་གཞུང་ལམ་གཙོ་བོའི་ནུས་པ་ཐོན་བཞིན་ཡོད་པ་རེད།

    སླར་ཡང་ཡུལ་དངོས་སུ་བཅར།

    སྔོན་ཆད་ཀྱི་གཡང་གཟར་ནི་དམྱལ་བའི་རྒྱལ་སྒོ་བརྒྱུད་པའི་རིགས་སུ་མཐུན། 

    ཕུག་ལམ་ཕུག་རྒྱུ་ནི་དཀའ་ཐོག་དཀའ་བརྩེགས་རེད། གསར་འགོད་པ་རྒན་གྲས་ལིང་ཝེ་ཡིས་སྔོན་ཆད་ཐེངས་མང་པོར་འུ་ལག་རི་བོའི་གཞུང་ལམ་རྙིང་པ་དང་འུ་ལག་རི་བོའི་ཕུག་ལམ་རྙིང་པ་བརྒྱུད་མྱོང་ཞིང་། ཐེངས་འདིར2018ལོར་ལམ་བརྒྱུད་ཧྲིལ་པོ་ཤར་གཏོང་ཐུབ་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་བརྒྱུད་པའི་སྐབས་སུ། ལིང་ཝེ་ལ་ཆ་རྒྱུས་ཡོད་པའི་ལམ་རྒྱུད་དང་རྣམ་པ་གསར་རྐྱང་གི་མྱོང་ཚོར་ཞིག་ཡོད་པར་བརྟེན། ཐེངས་འདིར་ཡང་དུ་ཡུལ་དངོས་སུ་བཅར་འདྲི་བྱས་ནས་རྣམ་པ་གསར་རྙིང་དཔྱད་བསྡུར་བྱེད་དུས་ཁོའི་སེམས་སུ་གནམ་ས་བླ་འོག་བསྒྱུར་བའི་མྱོང་ཚོར་ཟབ་མོ་ཆགས།

    འུ་ལག་རི་བོ་ནི་བྲག་རི་གཡང་གཟར་དང་གནམ་གཤིས་བཙན་པའི་རི་རྒྱུད་ཅིག་ཡིན་ཞིང་། གཞུང་ལམ་འདི་ནི་དུང་གཅུས་ལྟ་བུའི་རི་ལམ་ཀྱག་ཀྱོག་ཡིན་ལ། གཞུང་ལམ་གཡས་གཡོན་གཉིས་ལས་སྟེང་ཕྱོགས་ནི་བྲག་རྡོ་ཡིན་ཞིང་། འོག་ཕྱོགས་ནི་མ་གཟབ་ལྷུང་ཉེན་ཡོད་པའི་གཡང་གཟར་ཡིན་པས་མ་ཚད། ལོ་གཅིག་གི་དུས་ཚོད་བཞི་ཆ་གསུམ་ནང་གངས་འཁྱག་དང་མ་འཕྲད་ན། དྲག་ཆར་དང་སྨུག་པོས་ཁེངས་པར་བརྟེན། གཞུང་ལམ་འདིའི་འགྲིམ་འགྲུལ་ཆག་སྒོ་མང་པོ་བྱུང་ནས་ཁ་ལོ་ཚོས་འུ་ལག་རི་བརྒལ་ཐེངས་རེར་དམྱལ་བའི་རྒྱལ་སྒོ་བརྒྱུད་པའི་རིགས་སུ་མཐུན་པ་རེད།

    འུ་ལག་རི་བོའི་གཞུང་ལམ་རྙིང་པའི་འགྲིམ་འགྲུལ་ཐབས་ཆག་ཡིན་པའི་དབང་གིས་དཀར་མཛེས་ཁུལ་དང་དེ་བཞིན་དུ་བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཐེབས་པ་ནི་སྨོས་མེད་རེད། 1996ལོར་འུ་ལག་རི་བོའི་ཕུག་ལམ་སྐྲུན་འགོ་བཙུགས་ནས1998ལོའི་ལོ་མཇུག་ལ་ཕུག་ལམ་ཕུག་ཐུབ་ཡོད། ཕུག་ལམ་འདི་དེའི་སྐབས་སུ་རྒྱལ་ཡོངས་སུ་ཆེས་རིང་བ་དང་མཚོ་འཕགས་ཆེས་མཐོ་བ། ས་གཤིས་རྙོག་འཛིང་ཆེས་ཆེ་བའི་གཞུང་ལམ་གྱི་ཕུག་ལམ་ཤར་གཏོང་ཐུབ་པ་ནི་འཛུགས་སྐྲུན་བྱེད་ཧ་ཅང་དཀའ་མོ་ཞིག་ཡིན་པ་ནི་སྨོས་མེད་རེད་ཅེས་གསར་འགོད་པ་རྒན་གྲས་ལིང་ཝེ་ཡིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

    འཛུགས་སྐྲུན་བྱས་པའི་འདས་དོན་བཤད་པའི་སྐབས་སུ་ཏའེ་ཆང་ལིང་ལ་བཤད་ངར་བསླངས་ཤིང་། ད་ལྟ་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཇུས་འགོད་པ་གཞོན་པ་འགན་ཁུར་བཞིན་པའི་ཏའེ་ཆང་ལིང་འུ་ལག་རི་བོའི་ཕུག་ལམ་གསར་རྙིང་གཉིས་འཛུགས་སྐྲུན་བྱེད་སའི་ནང་ཞུགས་མྱོང་ཞིང་། ཐེངས་འདིར་བཅར་འདྲི་བྱེད་སྐབས་ཁོས་ལོ20ཡི་སྔོན་དུ་སི་ཁྲོན་མངའ་ཁོངས་ཀྱི་གཞུང་ལམ་ཐོག་ཕུག་ལམ་ཧ་ལམ་ཡོད་ལེ་མ་རེད། བལྟོས་བཅས་ཀྱི་ལག་རྩལ་འཇོན་ནུས་མེད་པར་བརྟེན། འུ་ལག་རི་བོའི་ཕུག་ལམ་བདེ་བླགས་ངང་ཕུག་ཐུབ་རྒྱུར་མི་ལ་ལ་ཡིས་ཐེ་ཚོམ་གྱི་རྣམ་འགྱུར་འཁུར་མྱོང་ཞིང་། ལག་རྩལ་ཇུས་འགོད་པ་དང་འཛུགས་སྐྲུན་པ་ཚོས་དཀའ་སྤྱད་འབད་འཐབ་བྱས་ནས་ཕུག་ལམ་ལེགས་འགྲུབ་ངང་ནས་ཕུག་ཐུབ་ཡོད་པ་རེད་ཅེས་གདེང་ཚོད་ཁེངས་པའི་སྐད་ཆ་འདི་བཤད་པ་རེད།

    ད་ལྟའི་ཐོགས་མེད་གཞུང་ལམ།

    ཕུག་ལམ་གསུམ་དེ་ཁྲོན་བོད་གཞུང་ལམ་ཐོག་གི་ཉེན་ཆེན་གཡང་གཟར་གཡོལ་ཟུར་བྱས་ནས་དེང་སང་སྐར་མ15ནང་ཕུག་ལམ་གསར་པ་བརྒྱུད་ཐུབ།

    འུ་ལག་རི་བོའི་ཕུག་ལམ་བརྒྱུད་རྗེས་མིག་མདུན་དུ་མངོན་པ་ནི་དཀར་མཛེས་ཁུལ་མངའ་ཁོངས་ཀྱི་རི་སྔོ་ཆུ་དྭངས། སྤྲིན་དཀར་འཁྲིགས་པའི་ཨ་སྔོན་གྱི་རྣམ་པ་རེད།

    ལོ21གི་སྔོན་དུ་འུ་ལག་རི་བོའི་ཕུག་ལམ་ཤར་གཏོང་ཐུབ་རྗེས། ཁྲོན་བོད་གཞུང་ལམ་བརྒྱུད་ཡུལ་གྱི་འུ་ལག་རི་བོ་བརྒལ་ས་དེ་སྔོན་ཆད་ཀྱི་མཚོ་འཕགས་སྨི2800ཡོད་པའི་འུ་ལག་རི་བོའི་ཧ་ཁ་ནས་མཚོ་འཕགས་སྨི2200སའི་ཐོག་མར་གཅོག་ནས་ཕུག་ལམ་ཕུག་མཐར། འུ་ལག་རི་བོའི་ཆེས་ཉེན་ཁ་ཆེ་བའི་གཞུང་ལམ་དུམ་བུ་གཡོལ་ཟུར་བྱས་པར་མ་ཟད། ཆུ་ཚོད3བསྲི་ཚགས་བྱེད་ཐུབ་ལ། རླངས་འཁོར་རྒྱུག་དུས་ཉེན་ཁ་དེ་ཙམ་ཆེན་པོ་མེད་པ་རེད།

    ཕུག་ལམ་ཤར་གཏོང་ཐུབ་རྗེས། བོད་ཁུལ་ལ་དོན་སྙིང་ཧ་ཅང་གལ་ཆེ་ཡོད་པ་རེད། ཏའེ་ཆང་ལིང་གིས་བཤད་དོན། ཕུག་ལམ་ཕུག་ཐུབ་མ་ཐག་ཏུ་བོད་ཁུལ་མང་ཚོགས་ཀྱིས་ཕུགས་ལམ་དངོས་སུ་ཤར་གཏོང་ཐུབ་རྒྱུར་རེ་སྒུག་ཆེན་པོ་བྱས་ཤིང་། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་ས་གནས་སྲིད་གཞུང་གིས་གྲོས་བསྡུར་གཟབ་ནན་བྱས་རྗེས་ཉིན་རྟག་པ་ཕྱི་དྲོའི་ཆུ་ཚོད2ནས4པའི་བར་ཕུག་ལམ་གྱི་ཨར་ལས་མཚམས་བཞག་ནས་མང་ཚོགས་འགྲོ་འོང་བྱེད་བཅུག་པ་རེད། འུ་ལག་རི་བོའི་ལྕགས་ཟམ་ཁའི་ཕྱོགས་སུ་རིག་གནས་གྱང་ལྡེབས་ཤིག་བཟོས་ནས་ཁྲོན་བོད་གཞུང་ལམ་གྱི་འགྱུར་ལྡོག་འཕེལ་རིམ་བྲིས་ཡོད་པ་ཆབས་ཅིག གནའ་བོའི་ཚོང་འདྲེན་རྡལ་ལམ་དང་ཁྲོན་བོད་གཞུང་ལམ་གྱི་རྒྱལ་སྲུང་གཞུང་ལམ318པའི་གཞུང་ལམ་རྙིང་པ། རྒྱལ་སྲུང་གཞུང་ལམ318པའི་འུ་ལག་རི་བོའི་གཞུང་ལམ་རྙིང་པ། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་པར་རིས་ལ་སོགས་པ་བཀོད་ཡོད་པ་རེད། འཛུགས་སྐྲུན་པ་དང་གསར་འགྱུར་པ་ཞིག་ཡིན་ཕྱིར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70རིང་ལ་བོད་དུ་འཇུག་པའི་གཞུང་ལམ་དེའི་གནམ་ས་བླ་འོག་བསྒྱུར་བའི་འགྱུར་ལྡོག་ལ་ཉམས་སུ་མྱོང་བཞིན། ལོ་རྒྱུས་བདེན་དཔང་བྱེད་མཁན་གྱི་མི་དེ་དག་ལ་མྱོང་ཚོར་ཟབ་མོ་ཆགས་པ་རེད།

    ལོ20ཡི་སྔོན་དུ། སྤྱི་ལེ4ཡོད་པའི་འུ་ལག་རི་བོའི་ཕུག་ལམ་ནི་རྒྱལ་ཁབ་ནང་ཁུལ་དུ་ཆེས་རིང་ཤོས་ཡིན་ཞིང་། ད་ལྟའི་འུ་ལག་རི་བོའི་ཕུག་ལམ་སྤྱི་ལེ13.4ཡོད་པས་མ་ཚད། ཕུག་ལམ་གཉིས་གཤིབ་ཡིན་པ་རེད། ཏའེ་ཆང་ལིང་གིས་ང་ཚོར་བཤད་དོན། འུ་ལག་རི་བོའི་ཕུག་ལམ་བསྐྲུན་པ་ནས་འགོ་བཙུགས་ཏེ་སི་ཁྲོན་གྱིས་གཞུང་ལམ་གྱི་ཕུག་ལམ་རིང་པོ་བསྐྲུན་པའི་ཉམས་མྱོང་རིམ་བཞིན་དུ་གསོག་འཇོག་བྱས་མཐར། ཁྲོན་བོད་གཞུང་ལམ་ཐོག་རྩེ་དགུ་ལའི་ཕུག་ལམ། བཀའ་བཞི་ལའི་ཕུག་ལམ། ར་མལ་ལའི་ཕུག་ལམ། མཁར་རྩེ་ལའི་ཕུག་ལམ། ཁྲོ་ལའི་ཕུག་ལམ་ལ་སོགས་པའི་སྤྱིར་བཏང་གཞུང་ལམ་གྱི་ཕུག་ལམ་ཕུག་ཡོད་པ་དང་ཆབས་ཅིག གཡག་རྔ་ནས་དར་མདོའི་བར་དང་། ཝུན་ཁྲོན་ནས་འབར་ཁམས་བར་བཅས་ཀྱི་མྱུར་བགྲོད་གཞུང་ལམ་རི་ཀླུང་བརྒྱུད་ནས་བོད་ཁུལ་དུ་བསྲིངས་ཏེ་སི་ཁྲོན་གྱིས་རི་ཁུག་ཏུ་གཞུང་ལམ་བསྐྲུན་པའི་ཆུ་ཚད་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབས་ཡོད་པ་རེད།

    དེང་གི་བར་དུ། ཁྲོན་བོད་གཞུང་ལམ་གྱི་ཉེན་ཆེན་གཡང་གཟར་དང་པོ་འུ་ལག་རི་བོར་གཞུང་ལམ་གསུམ་ཡོད་པ་སྟེ། གཅིག་ནི1969ལོར་གཞུང་ལམ་ཧྲིལ་པོ་བསྐྲུན་པའི་ཁྲོན་བོད་གཞུང་ལམ་གྱི་ལྷོ་ལམ་འུ་ལག་རི་བོའི་ཧ་ཁ་ལ་མཚོ་འཕགས་སྨི2800ཡོད་པ་དེ་རེད། གཉིས་ནི1999ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་ཁྲོན་བོད་གཞུང་ལམ་གྱི་མཚོ་འཕགས་སྨི2200སའི་ཡོད་པའི་ཕུག་ལམ་དེ་རེད། གསུམ་ནི2017ལོར་རླངས་འཁོར་ཤར་གཏོང་ཐུབ་པའི་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མཚོ་འཕགས་སྨི1500སར་ཡོད་པའི་ཕུག་ལམ་བཅས་གྲུབ་པར་བརྟེན། དགུན་དུས་སུ་འཁྱག་རོམ་དང་ཁ་བའི་ཁྲོད་དུ་བརྒྱུད་པའི་རྣམ་པ་རྦད་དེ་གཡོལ་ཟུར་བྱས་ཐུབ་པ་དང་ཆབས་ཅིག རླངས་འཁོར་རྒྱུག་དགོས་པའི་དུས་ཚོད་ཀྱང་ཇེ་ཐུང་དུ་སོང་བ་རེད། ལྕགས་ཟམ་ཁ་ལ་ཆ་བཞག་ནས་བཤད་ན། གཞུང་ལམ་དེ་གསུམ་གྱི་ཐོག་འགྲོ་བའི་དཔེ་བླངས་ན་ཁག་བགོས་ནས་དུས་ཚོད་ཉིན་ཕྱེད་དང་ཆུ་ཚོད་གཅིག སྐར་མ་བཅོ་ལྔ་ཡིན་པ་རེད།

    ཏའེ་ཆང་ལིང་གིས་བཤད་དོན། འུ་ལག་རི་བོའི་ཕུག་ལམ་ཡོད་རྗེས་བོད་ཁུལ་དུ་འགྲོ་འོང་བྱེད་དཀའ་བ་ནས་བདེ་བགྲོད་དུ་གྱུར་ཅིང་། 2018ལོར་གཡག་རྔ་ནས་དར་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ཧྲིལ་པོ་ཤར་གཏོང་ཐུབ་རྗེས་དར་མདོ་ནས་ཁྲེང་ཏུའུ་བར་ཉིན་གཅིག་ལ་ཕར་སླེབས་ཚུར་འབྱོར་བྱས་ཐུབ་པར་བརྟེན། ས་གནས་དེ་གའི་མང་ཚོགས་ཀྱིས་འདི་ནི་རྦད་དེ་བཅིངས་འགྲོལ་ཐེངས་ཤིག་བཏང་བ་རེད་ཅེས་བསྔགས་བརྗོད་བྱེད་བཞིན་འདུག

ཁྲོན་བོད་གཞུང་ལམ་གྱི་འུ་ལག་རི་བོའི་ཕུག་ལམ་དང་བྲལ་རྗེས། ང་ཚོས་རྐང་བཙུགས་ནས་རི་འདབས་སུ་ཡོད་པའི་འུ་ལག་རི་བོའི་ཕུག་ལམ་གསར་པར་ཉམས་སུ་མྱོང་དུ་ཕྱིན་པ་ཡིན། འགག་སྟོད་ནས་མྱུར་བགྲོད་གཞུང་ལམ་ཐོག་འཇུག་སྟེ་ཆུ་ཚོད་རེ་ལ་རླངས་འཁོར་སྤྱི་ལེ80རྒྱུག་པའི་ཚད་གཞི་ལྟར་བྱས་ནས་རྒྱུག་དུས། ཧ་ལམ་སྐར་མ15ནང་ཕུག་ལམ་བརྒྱུད་ནས་ལྕགས་ཟམ་རྫོང་གི་གྲོང་ཁུལ་དུ་བསླེབས་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་ཁག་གིས་བྱེད་ཐབས་སྣ་མང་སྤྱད་ནས་རྒན་རྒོན་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་ཞུས།
  • ལེ་ཚན་རྗེས་མ།:སྔོ་ཚལ་ཚོང་ཁྲོམ་ལས་དུས་རབས་ཀྱི་འགྱུར་ལྡོག་མངོན།
  • དོ་སྣང་ཆེ་བའི་རྩོམ།