ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད།

ཡེ་མགོན་དང་ལྷ་འཛོམས་ཀྱིས་བསྒྱུར།        2019-10-03

རྒྱལ་ཡོངས་ཀྱི་སྤུན་ཟླ་རྣམ་པ།  

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

     དེ་རིང་ང་ཚོ་འདིར་གཟབ་རྒྱས་ངང་ནས་ལྷན་འཛོམས་བྱས་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད། དུས་དེ་ཉིད་དུ་རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོ་ཚོས་སྤྲོ་དགས་ཁེངས་པའི་སེམས་པ་བཅངས་ནས་ང་ཚོའི་རླབས་ཆེན་གྱི་མེས་རྒྱལ་ལ་ཡིད་སྨོན་བྱེད་པ་དང་།  ཚང་མས་རླབས་ཆེན་གྱི་མེས་རྒྱལ་ལ་ལྷག་བསམ་རྣམ་དག་གིས་སྨོན་འདུན་ཞུས་པ་རེད།

    འདིར་ངས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན།  རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་དང་ཀྲུང་དབྱང་དམག་དོན་ཨུ་ལྷན་བཅས་ཀྱི་ཚབ་བྱས་ནས་མི་རིགས་རང་ཚུགས་དང་མི་དམངས་བཅིངས་འགྲོལ་བཏང་བ།  རྒྱལ་ཁབ་སྟོབས་འབྱོར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་ཆེད་དུ་ཉམས་རྒྱུ་མེད་པའི་བྱས་རྗེས་འཇོག་མཁན་གྱི་གསར་བརྗེའི་སྔོན་རབས་པ་དང་སྔོན་གཤེགས་དཔའ་བོ་ཚོར་སེམས་གཏིང་ནས་དྲན་གསོ་བྱེད་པ་ཡིན། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་དང་རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་སྤུན་ཟླ་རྣམ་པར་སྤྲོ་སེམས་འཕེལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་དང་།  ཀྲུང་གོའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམ་པར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་པ་ཡིན།

    ལོ70སྔོན་གྱི་དེ་རིང་ལ།  བློ་མཐུན་མའོ་ཙེ་ཏུང་གིས་འདིར་འཛམ་གླིང་ཡོངས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པར་བརྗིད་ཉམས་ལྡན་པས་ཁྱབ་བསྒྲགས་གནང་བ་རེད། དེ་ནས་བཟུང་ཀྲུང་གོའི་མི་དམངས་ཡར་ལངས་ཟིན་པ་རེད།   དོན་ཆེན་རླབས་པོ་ཆེ་འདིའི་ཐོག་ནས་ཉེ་རབས་རྗེས་ཀྱི་ལོ100ལྷག་གི་ནང་ཀྲུང་གོ་དབུལ་ཕོངས་ཉམས་ཞན་དང་གཞན་གྱི་བརྙས་བཅོས་ཐེབས་པའི་ལས་དབང་སྐྱོ་བོ་དེ་རྦད་དེ་འགྱུར་ལྡོག་བྱུང་ཞིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་བརྗིད་ཆགས་ཡངས་པའི་བགྲོད་ལམ་ཐོག་བསྐྱོད་པ་རེད།

   ལོ70ཡི་རིང་ལ་རྒྱལ་ཡོངས་ཀྱི་མི་རིགས་སོ་སོས་བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་འཐབ་བྱས་ནས་འཛམ་གླིང་གིས་ཧ་ལས་པའི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད་པ་རེད།  དེ་རིང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོགས་སུ་ཀྲོང་ངེར་ལངས་ཤིང་།  སྟོབས་ཤུགས་གང་ཡང་རུང་བས་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གོ་གནས་གཡོ་འགུལ་གཏོང་མི་ཐུབ་པ་དང་།  སྟོབས་ཤུགས་གང་ཡང་རུང་བས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་བྱེད་པའི་གོམ་སྟབས་འགོག་ཐུབ་རྒྱུ་མ་རེད།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

   མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་མི་དམངས་བྱེད་པོའི་གོ་གནས་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་རྩ་བའི་རིགས་གཞུང་དང་རྩ་བའི་ལམ་ཕྱོགས། རྩ་བའི་ཐབས་ཇུས་བཅས་ཁྱོན་ཡོངས་ནས་ལག་བསྟར་མཐར་ཕྱིན་བསྟར་ཞིང་། མི་དམངས་ཀྱིས་འཚོ་བ་སྐྱིད་པོར་རེ་སྨོན་བྱེད་པའི་དགོས་མཁོ་ཟམ་མི་ཆད་པར་སྐོང་བ་དང་། ལོ་རྒྱུས་ཀྱི་བྱས་གཞག་རླབས་པོ་ཆེ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།

   མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞང་ཀང་དང་ཨའོ་མན་ཡུན་རིང་དར་རྒྱས་བརྟན་བརླིང་ཡོང་བར་སྲུང་འཛིན་བྱེད་པ། མཚོ་འགག་ངོགས་གཉིས་ཀྱི་འབྲེལ་བ་ཞི་མཐུན་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཞིང་། ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ལ་མཐུན་སྒྲིལ་བྱས་ནས་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བར་མུ་མཐུད་ནས་འབད་འཐབ་བྱ་དགོས།

   མདུན་སྐྱོད་ཀྱི་ལམ་བུའི་ཐོག་ང་ཚོས་ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུ་རྒྱུན་འཁྱོངས་བྱེད་ཅིང་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་ལག་ལེན་བྱས་ནས་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོའི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་པར་མུ་མཐུད་ནས་སྐུལ་འདེད་གཏང་དགོས།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དང་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གིས་ནམ་ཡང་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ། རང་གཤིས་བཅས་སྲུང་འཛིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་མཐའ་གཅིག་ཏུ་འཚོ་སྲུང་བྱེད་པ་དང་འཛམ་བུ་གླིང་ཞི་བདེ་ཡོང་བར་འཚོ་སྲུང་མཐའ་གཅིག་ཏུ་བྱ་དགོས།

བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ།

   ཀྲུང་གོའི་འདས་དོན་དེ་མིའི་རིགས་ཀྱི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད་ལ། ཀྲུང་གོའི་དེང་སང་ནི་མི་དམངས་དུང་ཕྱུར14ཡི་ལག་ཏུ་སྐྲུན་བཞིན་ཡོད། ཀྲུང་གོའི་འབྱུང་འགྱུར་ནི་དེ་བས་མཛེས་སྡུག་ལྡན་ངེས་ཡིན། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དེ་བས་དམ་ཟབ་བྱ་དགོས་ཤིང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ་དང་། ང་ཚོའི་མི་དམངས་སྤྱི་མཐུན་རྒྱལ་ཁབ་མུ་མཐུད་ནས་སྲ་བརྟན་ལེགས་པོ་དང་འཕེལ་རྒྱས་ཡག་མོ་གཏོང་བ། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་དབེན་མངོན་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཐུབ་པར་མུ་མཐུད་དེ་ཧུར་ཐག་འབད་ཐག་བྱ་དགོས།

རླབས་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་པར་ཤོག

རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག

རླབས་ཆེན་གྱི་ཀྲུང་གོ་མི་དམངས་ཁྲི་ལོར་བརྟན་པར་ཤོག 


  • ལེ་ཚན་སྔོན་མ།:ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་པེ་ཅིན་ནས་བསྡས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད།
  • དོ་སྣང་ཆེ་བའི་རྩོམ།