ལྷ་འཛོམས་ཀྱིས་བསྒྱུར། 2019-09-20
སྤྱི་ཟླ9པའི་ཚེས16ནས་ཚེས18ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་རང་ཁུལ་གྱི་དཀར་མཛེས་རྫོང་དང་དཔལ་ཡུལ་རྫོང་། སེར་ཤུལ་རྫོང་བཅས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཁུལ་ལས་ཀའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛིན་ཞིང་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་བཀོད་སྒྲིག་དོན་ཐོག་འཁྱོལ་བར་སྐུལ་འདེད་ཏན་ཏིག་གཏོང་བ། བོད་ཁུལ་གྱི་རྫོང་དབུལ་ཕོངས་ཚང་མ་ད་ལོར་ཡོངས་སུ་དབུལ་ཞྭ་ཕུད་པའི་ལས་འགན་མཐའ་གཅིག་ཏུ་གྲུབ་པ་བཅས་བྱས་ནས་རང་རེའི་ཞིང་ཆེན་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་གང་ཐུབ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
སེར་ཤུལ་རྫོང་གི་སེར་ཤུལ་གྲོང་རྡལ་རི་བཀྲ་གནས་སྤོ་བཀོད་འཇོག་བྱེད་ཡུལ་དུ་དབྱིན་ལི་གནས་སྤོས་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་ནས་མི་སེར་གྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཆ་རྒྱུས་ཞིབ་མོར་བླངས་ཤིང་འཚོ་རྟེན་ལག་རྩལ་དེ་བས་མང་པོ་སྦྱངས་ནས་དཀའ་སྤྱད་ངལ་རྩོལ་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱ་དགོས་པའི་ཐུགས་རེ་གནང་།
དབྱིན་ལི་ཡིས་བོད་ཁུལ་གྱི་ཐུམ་འབུའི་གནད་འགོག་བཅོས་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། སེར་ཤུལ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དུ་ཁུལ་དང་རྫོང་གི་ཐུམ་འབུའི་ནད་འགོག་བཅོས་གནས་ཚུལ་ལ་གསན་འཇོག་གནང་ཞིང་གཞི་རིམ་གྱི་འཕྲོད་བསྟེན་ལས་སྒྲུབ་མི་སྣ་དང་གླེང་མོལ་མཛད་པ་རེད། ཁོང་གིས་གསུངས་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བོད་ཁུལ་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ཡོང་བར་མཐོང་ཆེན་ཆེན་པོ་གནང་ཞིང་། ཉེ་བའི་ལོ་འགའ་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུས་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་རྗེས་རང་རེའི་ཞིང་ཆེན་བོད་ཁུལ་གྱི་ཐུམ་འབུའི་ནད་ཀྱི་ནད་ཡམས་ཚོད་འཛིན་ནུས་ལྡན་ཐུབ་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དེར་མུ་མཐུད་ནས་ཕན་ནུས་ལྡན་པའི་འགོག་བཅོས་བྱ་ཐབས་ནན་གྱིས་ཞིབ་པོས་བསྒྲུབས་ནས་ཏང་ཨུས་འགོ་ཁྲིད་བྱས་པ་དང་སྲིད་གཞུང་གིས་འགན་ཁུར་བ། སྡེ་ཁག་གིས་མཐུན་སྦྱོར་བྱེད་པ། སྤྱི་ཚོགས་ཡོངས་ཞུགས་པའི་ཕྱོགས་བསྡུས་འགོག་བཅོས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐུམ་འབུའི་ནད་རྩ་མེད་གཏོང་བའི་དམིགས་འབེན་སྔ་ཙམ་གྲུབ་གང་ཐུབ་བྱ་དགོས། དཔལ་ཡུལ་རྫོང་དང་དཀར་མཛེས་རྫོང་སོགས་ཀྱི་ས་གནས་ལ་དབྱིན་ལི་ཡིས་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། དགོན་སྡེ་དོ་དམ་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་གནང་རྗེས་གངས་ཅན་མཐོ་སྒང་གི་ལས་གནས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་ཞིང་། ཁོ་ཚོར་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞིང་། མུ་མཐུད་ནས་བློ་སྟོབས་སྦྱོང་བརྡར་དང་འཇོན་ཐང་ཇེ་དྲག་གཏོང་བ། དཀའ་སྒྲུབ་དངོས་སྒྲུབ། ལས་མཁས་སྒྲུབ་ཕོད་བཅས་བྱས་ནས་ཞིང་ཆེན་རང་གི་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས་པའི་ཐུགས་རེ་གནང་།
བརྟག་ཞིབ་བྱེད་རིང་དབྱིན་ལི་ཡིས་ལམ་རྒྱུད་དུ་རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་གཟིགས་ཞིབ་གནང་ཞིང་གསུངས་དོན། རང་བྱུང་མཛེས་སྡུག་ལྡན་པ་དེ་དཀར་མཛེས་ཁུལ་གྱི་རྒྱུ་ནོར་རྩ་ཆེན་ཡིན་པས་རང་བྱུང་ཁམས་ལ་བརྩི་འཇོག་དང་སྲུང་སྐྱོང་བྱེད་པ་དང་མཛའ་མཐུན་མཉམ་གནས་བྱེད་པ་ནི་ཚང་མའི་འགན་འཁྲི་ཡིན་ཞིང་། དཀར་མཛེས་ཁུལ་གྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་སྔོ་ལྗང་རི་ཀླུང་ཆུ་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ནན་ཏན་བྱས་ནས་སྐྱེ་ཁམས་དམིགས་སུ་བཀར་བ་དང་ལྗང་མདོག་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ནས་གྲོང་རྡལ་དང་ཡུལ་ཤོག གྲོང་ཚོ། མཛེས་ལྗོངས་ས་ཁུལ། གཞུང་ལམ་བཅས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད། འཛུགས་སྐྲུན་དང་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་ཞིང་། དཀར་མཛེས་ཁུལ་དུ་ཡུལ་སྐོར་ཡོང་མཁན་ཚོར་གནམ་སྔོན་མོ་དང་སྤྲིན་དཀར་པོ། སྔོ་ལྗང་རི་ཀླུང་ཆུ་ཀླུང་བཅས་ལོངས་སུ་སྤྱོད་དུ་བཅུག་པ་དང་དཀར་མཛེས་ཁུལ་གྱི་རང་བྱུང་མཛེས་ལྗོངས་ལ་མྱོང་ཚོར་དེ་བས་ཡག་མོ་བྱེད་དུ་བཅུག་དགོས།
ཞིང་དཔོན་གཞོན་པ་ཝང་དབྱི་ཧུང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཀྲང་ཡན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་སོགས་བརྟག་ཞིབ་ནང་ཞུགས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10