རྒྱལ་ཡོངས་ཀྱི་གྲོང་ཁྱེར154ཡིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་རྫས་གཅིག་བསྡུས་ཀྱིས་མེད་པ་བཟོ་བའི་བྱེད་སྒོ་སྤེལ།

གངས་སྐྱིད་ཀྱིས་བསྒྱུར།        2019-08-22

    ཞིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་སྤྱི་ཟླ8པའི་ཚེས12འབྱོར་བའི་གཏམ་གསར། གོང་ཚེས་ཉིན། སྤྱི་བདེ་པུའུ་ཡིས་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་གྲོང་ཁྱེར154ཡི་ན་ནིང་ནས་བཟུང་བསྡུས་པ་དང་ཡང་ན་མང་ཚོགས་ཀྱིས་མ་སྐུལ་དང་བླངས་ཀྱིས་རྩིས་སྤྲད་བྱས་པའི་ཁྲིམས་འགལ་གྱི་མེ་མདའ་དང་། དེ་བཞིན་འབར་གས་དངོས་རྫས་རྣམས་གཅིག་བསྡུས་ཀྱིས་མེད་པ་བཟོས་པ་རེད། འདི་ནི་སྤྱི་བདེ་པུའུ་ཡིས་ན་ནིང་གི་སྤྱི་ཟླ9པར་གྲོང་ཁྱེར146སྒྲིག་འཛུགས་བྱས་ཏེ་ཁྲིམས་དང་མི་མཐུན་པའི་འབར་གས་དངོས་རྫས་གཅིག་བསྡུས་ཀྱིས་མེད་པ་བཟོ་བའི་བྱེད་སྒོ་སྤེལ་རྗེས་བྱེད་སྒོ་འདི་རིགས་སླར་ཡང་སྒྲིག་འཛུགས་བྱས་པ་ཞིག་རེད།

     ད་ལོ་ནས་བཟུང་ས་གནས་སོ་སོ་དང་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་མཉམ་འགུལ་གྱིས་འགན་འཁྲི་གཙང་སྒྲུབ་དང་ལས་དོན་ཏན་ཏིག་ངང་སྤེལ་བས་མེ་མདའ་དང་འབར་གས་དངོས་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། མིག་སྔའི་བར་རྒྱལ་ཡོངས་སུ་མེ་མདའ་དང་འབར་གས་དངོས་རྫས་དང་འབྲེལ་བའི་གྱོད་གཞི་ཁྲི1.6རྩད་ཆོད་དེ་ཚོགས་པ163གཏོར་བ་དང་། ནག་ཚོགས117མེད་པར་བཟོས་པ། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི1.7ལ་རྡུང་རྡེག་ཐག་གཅོད་བྱས་པ་རེད། རྡུང་རྡེག་དང་བཅོས་སྒྲིག་བྱས་པར་བརྒྱུད་ད་ལོའི་སྤྱི་ཟླ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་མེ་མདའ་དང་འབར་གས་ཀྱི་ཉེས་གསོག་གྱོད་གཞི་ཐོན་ཚད་ཀྱི་བསྡོམས་འབོར་ན་ལོའི་དུས་མཚུངས་ལས་བརྒྱ་ཆ20མར་ཆག་ཡོད་པ་རེད།

     ཐེངས་འདིར་གཅིག་གྱུར་གྱིས་མེད་པ་བཟོ་བའི་བྱེད་སྒོ་ནི་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སྤེལ་ཡུལ་གཙོ་བོར་བྱས་པ་དང་། ལེའོ་ཉིང་ཞིང་ཆེན་ཧྲན་དབྱང་གྲོང་ཁྱེར་དང་། ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཡུས་ལིན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་བཅས་ལ་ལྟེ་བའི་སྤེལ་ཡུལ4བཙུགས་པའི་དུས་མཚུངས་སུ། དེ་མིན་གྲོང་ཁྱེར149ཡི་ནང་ཡན་ལག་སྤེལ་ཡུལ་བཙུགས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་བསླེབས།
  • ལེ་ཚན་རྗེས་མ།:རང་བྱུང་གནོད་པ་འཇིགས་རུང་ཡང་།།དམངས་ཀྱི་དཔའ་ངར་ཞུམ་མ་ཡིན།།
  • དོ་སྣང་ཆེ་བའི་རྩོམ།