རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་བསླེབས།

ཡེ་ཤེས་ཀྱིས་བསྒྱུར།        2019-08-22

      ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ8པའི་ཚེས13ཉིན་འབྱོར་བའི་གཏམ་གསར། གོང་ཚེས་ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གྲུབ་འབྲས་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་མཚོན་དོན། ལོ70ཡི་རིང་རང་རྒྱལ་གྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་བཀོད་ཀྱི་དྲ་བ་མགྱོགས་མྱུར་དུ་ཆགས་པ་དང་ཕྱོགས་བསྡུས་སྐྱེལ་འདྲེན་འགན་ལེན་ནུས་པ་མཐོ་རུ་ཆེས་ཆེར་ཕྱིན་པ་རེད། 2018ལོའི་ལོ་མཇུག་ཏུ་རང་རྒྱལ་གྱི་མྱུར་བགྲོད་ལྕགས་ལམ་ལས་གཉེར་གྱི་རིང་ཚད་བསྡོམས་འབོར་དང་མྱུར་བགྲོད་གཞུང་ལམ་རིང་ཚད་བསྡོམས་འབོར་ཚང་མ་འཛམ་གླིང་གི་ཨང་དང་པོར་བསླེབས་ཡོད་པ་རེད།

     གཞུང་ལམ་དྲ་བ་ཕྱོགས་བཞི་མཚམས་བརྒྱད་དུ་བསྲིངས་ཏེ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། བསྡོམས་རྩིས་ལས་མངོན་པར་གཞིགས་ན། 2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི485ལ་ཟིན་པ་དེ1949ལོའི་ལྡབ60ཡིན་པ་རེད། 2018ལོའི་ལོ་མཇུག་ཏུ་མྱུར་བགྲོད་གཞུང་ལམ་གྱི་རིང་ཚད་བསྡོམས་འབོར་སྤྱི་ལེ་ཁྲི14.3ལ་ཟིན་པ་དང་རིང་ཚད་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་བསླེབས་ཡོད་པ་རེད།

     གྲུ་ཁ་ཆེ་གྲས་ཇེ་མགྱོགས་བསྐྲུན་པར་སྐུལ་འདེད་བཏང་་ཡོད། སྙན་ཞུའི་ནང་མཚོན་དོན། 2018ལོའི་ལོ་མཇུག་ཏུ་རྒྱལ་ཡོངས་ཀྱི་གྲུ་ཁར་ཐོན་སྐྱེད་ལ་སྤྱོད་གོ་ཆོད་པའི་གྲུ་ཁ23919ཡོད་པ་དེ1949ལོའི་ལྡབ148.6ཡིན་ཞིང་། དེའི་ནང་ཏུན་ཁྲི་ཡན་གྱི་རིམ་པ་དང་དེ་ཡན་གྱི་མཚོ་གྲུ་སྡོད་གནས1957ལོའི38ནས་ད་ལྟའི2444ཡི་ཐོག་འཕར་ཡོད་པ་རེད། 2018ལོར་གོ་ལ་ཧྲིལ་པོའི་གྲུ་ཁ་དོས་སྒམ་གྱི་སྐྱེལ་འདྲེན་བྱེད་ཚད་སྔོན་གྱི་ཨང་བཅུ་པའི་ནང་ཀྲུང་གོས་གྲུ་ཁ་བདུན་བཟུང་ཡོད་པ་རེད།

      གཞན་ཡང་མཁའ་ལམ་དྲ་བ་དང་གནམ་གྲུ་ཐང་གི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་དུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལས་མཚོན་དོན། 2018ལོའི་ལོ་མཇུག་ཏུ་དུས་གཏན་གནམ་གྲུའི་མཁའ་ལམ་གྱི་སྤྱིའི་གྲངས་འབོར4945ལ་ཟིན་པ་དེ1950ལོའི་ལྡབ412.1ཡིན་པ་དང་། རྒྱལ་ནང་གི་དུས་བཀག་དུས་གཏན་གནམ་གྲུའི་ལན་གྲངས་དེ1950ལོའི7ནས2018ལོའི230ཡི་ཐོག་མང་དུ་ཕྱིན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བོད་ཀྱི་ལོ་རྒྱུས་གར་སྟེགས་ཟློས་གར《གྱིམ་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་འགྲམ་དུ་འཁྲབ་སྟོན་ཐེངས་དང་པོ་བྱས་པ།
  • ལེ་ཚན་རྗེས་མ།:རྒྱལ་ཡོངས་ཀྱི་གྲོང་ཁྱེར154ཡིས་ཁྲིམས་འགལ་གྱི་མེ་མདའ་དང་འབར་གས་དངོས་རྫས་གཅིག་བསྡུས་ཀྱིས་མེད་པ་བཟོ་བའི་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།