ལིའུ་ཡན་ཉིང་གིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ་རྟོག་ཞིབ་གནང་།

ཀུན་དབང་གིས་བྲིས་ཤིང་པར་བླངས།        2019-08-21

  

ལིའུ་ཡན་ཉིང་གིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ་རྟོག་ཞིབ་གནང་།

     ཉེ་ཆར། ཀྲུང་གོའི་ཚན་རིག་ཐོན་ལས་ཅན་གྱི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་གཞོན་པ། རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་གྲྭའི་རྒྱུན་ལས་ལས་འཛིན་ལིའུ་ཡན་ཉིང་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ་ཕེབས་ནས་ལས་དོན་ལ་གཟིགས་ཞིབ་དང་མཛུབ་སྟོན་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཕེབས་རོགས་གནང་བ་རེད།

    2018ལོའི་ཟླ་བ11པར། གསེར་ཐར་རྫོང་ཆ་ཚང་སློབ་ཆུང་གཉིས་པ་དེ་རྒྱལ་ཡོངས་དམར་དམག་སློབ་ཆུང་འཛུགས་སྐྲུན་ལས་གྲྭས་དངོས་སུ་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ་བསྒྱུར་བ་དང་། སློབ་ཆུང་དེ་རྒྱལ་ཡོངས་ཀྱི་དམར་དམག་སློབ་ཆུང300ཡི་གྲས་སུ་ཚུད་པར་བྱས། དེ་ཡང་དཀར་མཛེས་ཁུལ་ཡོངས་ཀྱི་དམར་དམག་སློབ་ཆུང་གསུམ་གྱི་ཡ་གྱལ་ཞིག་ཡིན་པ་རེད། དམར་དམག་སློབ་ཆུང་འཛུགས་དོན་ནི། དམར་དམག་གི་ས་བོན་ནམ་རྒྱུད་འཛིན་པ་གསེར་ཐར་ཡུལ་གྲུ་རུ་འབྱུང་སླད་དང་། རྫོང་ཡོངས་ཀྱི་ན་ཆུང་རྣམས་ལ་ཡབ་མེས་གོང་མ་རྣམས་ཀྱི་གསར་བརྗེའི་སྙིང་སྟོབས་རྒྱུད་འཛིན་ལ་སྐུལ་འདེད་བྱེད་ཆེད་དང་། ཧུར་ཐག་གིས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ་དང་ངལ་རྩོལ་སོགས་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བའི་འབྲོག་ཁུལ་གསར་པ་འཛུགས་སྐྲུན་ཚད་ལྡན་དང་། སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་རྒྱུད་འཛིན་པ་རྣལ་མ་ཡོང་ཆེད་ཡིན་པ་རེད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ150ལྷག་ཡོད་པ་དང་ད་ལྟ་སློབ་མ1200ལྷག་ཡོད་པ་རེད།

     ལིའུ་ཡན་ཉིང་གིས་དམར་དམག་སློབ་ཆུང་གི་ཐོག་མའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད། ད་དུང་ཐུགས་བརྩེ་ཟབ་མོའི་ངང་སློབ་གྲྭའི་དགེ་རྒན་དང་ཞལ་བརྡ་གནང་ཞིང་། གཞི་རིམ་ས་ཁུལ་དུ་སློབ་གསོའི་ལས་ལ་གཞོལ་བའི་དགེ་རྒན་རྣམས་ལ་འཚམས་འདྲི་གནང་། ཁོང་མོས་ཚང་མར་ཁོང་མོའི་འགྲུལ་བཞུད་ནི་དྲིན་གཟོའི་འགྲུལ་བཞུད་ཅིག་སྟེ། 1936ལོར། ཁོང་མོའི་ཡབ་ཆེན་དམག་སྤྱི་ཀྲུའུ་ཏེ་ལགས་དང་ཞུས་ཞང་ཆན་གཉིས་དང་མཉམ་དུ་དམར་དམག་ཚན་ཁག་གཉིས་པ་དང་བཞི་པ་ཁྲིད་དེ་གསེར་ཐར་བརྒྱུད་ནས་ཕེབས་ཤིང་། ས་གནས་འདིར་ཟླ་བ་གཉིས་རིང་ངལ་གསོ་གནང་བ་དང་། དམར་དམག་ཆེས་དཀའ་ཁག་ལ་འཕྲད་པའི་དུས་སུ། གསེར་ཐར་གྱི་བོད་རིགས་མི་དམངས་ཀྱིས་འབྲུ་རིགས་དང་སྒོ་ཕྱུགས་སོགས་མཁོ་འདོན་གནང་། དམར་དམག་འགའ་ཤས་གྲང་ལྷགས་ཆེ་བའི་གངས་རི་དང་རྫ་རི་བརྒལ་སྐབས། རྒྱབ་ཏུ་བོད་རིགས་མི་དམངས་ཀྱིས་བྱིན་པའི་པགས་རྩག་གྱོན་ཡོད་ཟེར། འདི་ནི་བོད་རིགས་མི་དམངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་རོགས་རམ་དང་རྒྱབ་སྐྱོར་ཡིན་ལ། དེ་ལྟ་བུའི་རོགས་རམ་བྱས་པར་བརྒྱུད། དམར་དམག་དཔུང་སྡེ་བདེ་འཇགས་ངང་ཧྲན་ཞི་བྱང་ཕྱོགས་སུ་འབྱོར་ཐུབ་པ་བྱུང་བ་རེད་ཅེས་གསུངས་པ་རེད། ཁོང་མོས་ལྷག་བསམ་རྣམ་དག་གིས་དེ་རིང་གི་གསེར་ཐར་གྱི་མི་དམངས་ལ་བཀའ་དྲིན་ཞུ་བ་དང་། ཁོང་མོས་གསེར་ཐར་གྱི་ཡུལ་མི་སྤུན་ཟླ་ཡོངས་ལ་ལུས་ཁམས་བདེ་ཐང་དང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས། གསེར་ཐར་གྱི་ཡུལ་གྲུ་འདི་ཀྲུང་གོ་གུང་ཁྲན་ཏང་གི་ཡང་དག་པའི་སྣེ་ཁྲིད་ལ་བརྟེན་ནས། མ་འོངས་པར་ཇེ་ལེགས་ཇེ་རྒྱས་དང་ཇེ་ཕྱུག་ཇེ་དར་ཡོང་བའི་སྨོན་འདུན་ཞུས་པ་དང་ཆབས་ཅིག ཁོང་མོས་དངོས་སུ་དམར་དམག་སློབ་ཆུང་ལ“དམར་དམག་གི་སྙིང་སྟོབས་འདི། མི་རིགས་འཆམ་མཐུན་ཡིན”ཞེས་པའི་ཤིས་ཚིག་བྲིས་ནས་ཕུལ་བ་རེད།

     ཧོ་པིའོ་ཡིས་གསུང་དོན། དེ་རིང་། ལིའུ་ཡན་ཉིང་ལགས་གསེར་ཐར་གྱི་དམར་དམག་སློབ་ཆུང་དུ་ཕེབས་ནས་ལས་དོན་ལ་གཟིགས་རྟོག་དང་མཛུབ་སྟོན་གནང་བ་ནི། ཏང་ཀྲུང་དབྱང་གིས་གསེར་ཐར་མི་དམངས་ལ་གནང་བའི་ཐུགས་ཁུར་དང་བརྩེ་གཟིགས་མཚོན་པ་ཡིན་ལ། དམར་དམག་གི་རྒྱུད་འཛིན་པས་བརྩེ་སེམས་བོད་ཁུལ་དུ་བཅངས་པ་མཚོན་ཡོད། གསེར་ཐར་རྫོང་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གལ་ཆེན་གྱིས་མཛུབ་སྟོན་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་གསེར་ཐར་འཛུགས་སྐྲུན་དང་།རྒྱ་ཆེའི་མང་ཚོགས་ལ་མེས་རྒྱལ་གྱི་ཁྱིམ་གཞིས་ཆེན་མོའི་དྲོད་སྐྱིད་ཚོར་ཐུབ་པ་བྱ་ངེས་ཡིན། སློབ་གསོ་སྡེ་ཁག་གིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་འདི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཡུལ་གྱི་སློབ་གསོའི་ལྟེ་གནས་བྱེད་པ་དང་། གསར་བརྗེའི་ལོ་རྒྱུས་སེམས་སུ་འཛིན་པ་དང་དམར་དམག་གི་སྙིང་སྟོབས་རྒྱུད་འཛིན་ཡག་པོ་བྱས་ཏེ། ཧུར་ཐག་གིས་མི་རབས་ནས་མི་རབས་བཞིན་ཏང་གི་བཀའ་བསྒྲུབ་ཅིང་། ཏང་དྲིན་དྲན་པ་དང་། ཏང་གི་རྗེས་སུ་འབྲོངས་པའི་རྩྭ་ཐང་གི་བུ་དང་བུ་མོ་གསོ་སྐྱོང་དང་། གསར་བརྗེའི་རྒྱུད་འཛིན་མཁན་མི་རབས་ནས་མི་རབས་བར་ཟམ་མི་ཆད་པར་གནས་པར་བྱེད་ངེས་རེད།།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གཞུང་དང་ཞིང་ཆེན་ཁྲིམས་འཛིན་ཐིང་གིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་བོད་ཁུལ་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏོང
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་རི་སྐྱེས་ཤ་མོ་བཏུས་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།