རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

ཡེ་ཤེས་རྡོ་རྗེས་བྲིས།        2019-08-16

   

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

    བོད་ཀྱི་རིག་གནས་དར་སྤེལ་མཁན་རྫ་ཀི་ལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ནི་བོད་རབ་བྱུང་བཅུ་བདུན་པའི་ས་རྟ་སྤྱི་ལོ1978ལོར་མདོ་ཁམས་རྫ་ཆུ་ཁར་སྐུ་འཁྲུངས་ཤིང་།ཁོང་གིས་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་དང་དེའི་ཡན་ལག་ཧི་མ་ལ་ཡའི་རིག་མཛོད་ཁང་།ཧི་མ་ལ་ཡའི་དགེ་ལས་ཐེབས་རྩ་ཚོགས་པ། གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་འབྲི་བཞེངས་བཅས་གསར་འཛུགས་གནང་བ་དང་།  བོད་ཀྱི་རིག་གཞུང་དེང་རབས་ཅན་དང་བརྡ་འཕྲིན་ཅན།  འཛམ་གླིང་ཅན་དུ་ཕྱོགས་པ་བཅས་ཀྱི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ཕྱིན།སྤྱི་ལོ2017ལོར་ཁོང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རིག་གནས་པུའུ་ཡིས་ལོ་འཁོར་མི་སྣའི་གཟེངས་རྟགས་ཀྱི་མཚན་སྙན་གནང་བ་རེད།

         སྤྱི་ཟླ7པའི་ཚེས27ཉིན། 《  བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི》པོད(1-300)ཡི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་དེ་གནའ་གྲོང་ཞི་ཨན་ཆུས་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ་བ་རེད།  རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན།  རྒྱལ་ཡོངས་གྲངས་ཉུང་མི་རིགས་ དཔེ་རྙིང་བསྡུ་སྒྲིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཞའོ་ཏུང་།  ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཆིང་།  ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ།  གེ་སར་ཞིབ་འཇུག་གི་ཆེད་རམས་པ་འཇམ་དཔལ་རྒྱ་མཚོ།  རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུད་འཛིན་པ།  གེ་སར་སྒྲུང་མཁན་ཨ་ཉིད་དང་དེ་མིན་གྱི་ལས་གཞིའི་སྒྲིག་ཨུ་སོགས་བསྡོམས་པས་སྐུ་མགྲོན་བརྒྱ་ལྷག་ཚོགས་འདུར་ཞུགས་ཡོད་པ་རེད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

གླིང་གེ་སར་རྒྱལ་པོའི་སྒྲུང་རབས་པར་སྐྲུན་འཆར་འགོད་ཀྱི་བརྒྱུད་རིམ།

         དེ་ཡང་སྙན་པའི་གྲགས་པ་དཀར་པོས་འཛམ་གླིང་ཡོངས་སུ་ཁྱབ་པའི་བོད་གངས་ཅན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ནི། གནའ་དེང་བོད་རིགས་སྒྲུང་པ་ཁྲི་སྟོང་མང་པོས་ཐུན་མོང་དུ་བཞེངས་བསྐྲུན་བྱས་པའི་དམངས་ཁྲོད་ཀྱི་གཏམ་རྒྱུད་རིང་བོ་ཞིག་ཡིན་ལ། དེའི་ནང་དུ་བོད་རིགས་ཀྱི་དཔའ་བོ་སྐྱེས་མཆོག་ནོར་བུ་དགྲ་འདུལ་ཁོང་ཉིད་ཀྱི་སྐུ་འཁྲུངས་ཚུལ། རྟ་རྒྱུག་གིས་རྒྱལ་ཁྲི་བཟུང་ཚུལ། ཕྱོགས་བཞིའི་བདུད་བཞི་བཏུལ་ཚུལ་དང་། རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ། རྫོང་གཡང་གྲངས་མེད་བླངས་ཚུལ། བཙན་ཡ་མེད་གཉའ་ནས་མནན་ཚུལ། གཉོམ་མ་ནུས་མཐའ་ནས་བསྐྱངས་ཚུལ་བཅས་ཀྱི་མཛད་རྗེས་ངོ་མཚར་རྨད་དུ་བྱུང་བ་རྣམས་གཟུགས་ཅན་བཞིན་དུ་གསལ་བོར་བཀོད་ཡོད་པ་རེད།

         སྒྲུང་རབས་ཆེན་མོ་འདི་ནི་བོད་མི་རིགས་ཀྱི་རྩོམ་རིག་གི་མཛེས་པ། བསམ་བློའི་ཁྱད་ཆོས། སྒྱུ་རྩལ་གྱི་འཕྲུལ་ཐབས། གཏམ་རྒྱུད་ཀྱི་ངོ་མཚར་བཅས་ཀྱིས་ཕྱུག་པར་མ་ཟད། ཁྱད་ཆོས་དེ་དག་གི་སྒོ་ནས་གནའ་རབས་བོད་མི་རིགས་གོང་འཕེལ་དུས་རིམ་གྱི་ལོ་རྒྱུས་དང་། སྤྱི་ཚོགས་ཀྱི་རྩ་བའི་སྒྲིག་གཞི། ཆོས་ལུགས་ཀྱི་དར་རིམ། མི་རིགས་ཀྱི་འབྲེལ་བ། ཀུན་སྤྱོད་འདུ་ཤེས། དམངས་སྲོལ་གོམས་གཤིས་སོགས་གསར་མཚོན་བྱས་ཏེ། བོད་རིགས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་རེ་སྨོན་དང་བླ་ན་མེད་པའི་ཕུགས་མདུན་བཅས་ལེགས་པར་མངོན་པར་བྱས་ཡོད་པ་རེད།

         དེ་བས་སྒྲུང་རབས་འདི་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་སྙིང་བཅུད་དང་ཤེས་བྱའི་བང་མཛོད་ཡིན་པ་མ་ཟད། གནའ་རབས་བོད་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་། མི་རིགས་ཀྱི་ལོ་རྒྱུས། དཔལ་འབྱོར་དང་རིག་གནས། གྲལ་རིམ་གྱི་དབྱེ་བ། མི་རིགས་ཀྱི་འབྲེལ་བ། འདུ་ཤེས་འཛིན་སྟངས། ཀུན་སྤྱོད་ཀྱི་འདུ་ཤེས། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། རི་ཆུ་ཆགས་ཚུལ་བཅས་ཀྱི་ཀུན་འདུས་མེ་ལོང་ལྟ་བུ་ཡིན་ལ། དཔའ་བོའི་གཏམ་རྒྱུད་དང་ལྷ་ཡི་སྒྲུང་རྒྱུད་རྣམ་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཀྱང་ཡིན་པས། མི་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་དང་། རྩོམ་རིག་ཞིབ་འཇུགདམངས་སྲོལ་ཞིབ་འཇུགརི་ཆུའི་ཞིབ་འཇུག་བཅས་ཀྱི་རིན་ཐང་ཡང་ལྷག་པར་ལྡན་པ་རེད།

         ད་དུང་ལོ་རྒྱུས་སྙན་རྩོམ་རིང་མོ་འདི་ནི་བོད་རིགས་མི་དམངས་ཀྱིས་འཛམ་གླིང་གི་མི་དམངས་ཡོངས་ལ་ཕུལ་བའི་ཤེས་རིག་གི་ལེགས་སྐྱེས་རིན་ཐང་བྲལ་བ་ཞིག་ཡིན་ལ། རྒྱལ་སྤྱིའི་རིག་གནས་བང་མཛོད་ནང་གི་ནོར་བུ་གཟི་འོད་འབར་བ་ཞིག་དང་། ཀྲུང་ཧྭའི་ཤེས་རིག་གི་སྐྱེད་མོས་ཚལ་གྱི་ནང་ནས་ཡལ་འདབ་རྒྱས་པའི་སྡོང་བོ་ཞིག་དང་། གངས་ལྗོངས་ཀྱི་རིག་པའི་ལྡུམ་རའི་ནང་ནས་མཛེས་སྡུག་ལྡན་པའི་མེ་ཏོག་ཅིག་ཡིན་ནོ།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

   བོད་ཀྱི་གླིང་སྒྲུང་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲལ་དུ་བཀོད།

    དེ་ཡང་བོད་རབ་བྱུང་བཅུ་བདུན་པའི་ས་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ 1989 ནས་བཟུང་སྔ་རྗེས་སུ་གེ་སར་རིག་པའི་སྐོར་གྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་ཆེན་ཐེངས་མང་བསྡུས་པས། འཛམ་གླིང་གི་རིག་གཞུང་ལས་རིགས་ཐད་གེ་སར་སྒྲུང་གི་ཤུགས་རྐྱེན་དང་རིན་ཐང་ཆེ་རུ་སོང་བས། དབྱིན་ཇི། ཨུ་རུ་སུ། ཧྥ་རན་སི། མཇར་མན། ལྗར་པན་སོགས་རྒྱལ་ཁབ་མང་པོ་ནས་གླིང་སྒྲུང་འཚོལ་སྡུད་དང་། ཡིག་སྒྱུར། དཔར་སྐྲུན། ཞིབ་འཇུག་བཅས་ཀྱི་བྱ་བཞག་ཡར་དར་བྱུང་།

  ལྷག་པར་བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་སྦྲུལ་གྱི་ལོ་དང་སྤྱི་ལོ 2001 ལོའི་ཟླ 10 ཚེས 17 ཉིན་ཧྥ་རན་སེའི་རྒྱལ་ས་པཱ་ལེ་གྲོང་ཁྱེར་དུ་བསྡུས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་གསུམ་རྩ་འཛུགས་ཚོགས་པའི་ཐེངས་སོ་གཅིག་པའི་ཚོགས་ཆེན་སྟེང་། གླིང་གེ་སར་རྒྱལ་པོ་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན་བྱ་འགུལ་དེ་ཉིད་སྤྱི་ལོ 2002 དང 2003 ལོའི་མཉམ་འབྲེལ་རྒྱལ་ཚོགས་སློབ་ཚན་རིག་གསུམ་རྩ་འཛུགས་ཚོགས་པ་ཟབ་ཞུགས་ཀྱི་དྲན་གསོ་ཞུ་བའི་ལས་གཞིར་གདམ་པས། བོད་ཀྱི་གླིང་སྒྲུང་གི་མཚན་སྙན་གཟི་བརྗིད་རི་བོ་ཇོ་མོ་གླང་མའི་དབུ་རྩེ་བརྒལ་ནས་འཛམ་གླིང་གི་རྒྱན་དུ་ལྷམ་མེར་བཞད་པར་གྱུར།

   དུས་མཚུངས་སུ་རྒྱལ་ནང་ནས་ཀྱང་ 2002 ལོའི་ཟླ 7 པར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གླིང་སྒྲུང་གི་བརྗོད་དོན་མི་སྣ་གཙོ་བོ་གེ་སར་དཔའ་བོའི་འཁྲུངས་སྐར་གྱི་སྟོང་ལོའི་རྗེས་དྲན་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ་དང་། བོད་ལྗོངས། མཚོ་སྔོན། ཀན་སུའུ། སི་ཁྲོན་བཅས་སུ་ཡང་སྟོང་ལོའི་རྗེས་དྲན་གྱི་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ་ཡོད་པ་རེད།

   བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་ཁྱི་ཡི་ལོ་སྟེ་སྤྱི་ལོ 2006 ལོར་རྒྱལ་ནང་གི་གེ་སར་སྒྲུང་གི་ལས་དོན་མི་སྣས་འབད་བརྩོན་ཆེས་ཆེར་བྱས་པ་བརྒྱུད་གེ་སར་གྱི་སྒྲུང་རབས་ཆེན་མོ་དེ་ཉིད་རྒྱལ་ཁབ་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་གྲལ་དུ་བཀོད་ཡོད་པ་རེད།

  བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་བྱི་བའི་ལོ་དང་སྤྱི་ལོ 2008 ལོར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སྡེ་ཁག་དང་རྒྱལ་ཡོངས་གེ་སར་ལས་དོན་ཚོ་ཆུང་གཞུང་ལས་ཁང་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བའི་སྙན་ཞུ་བཏོན་པར་དོན་སྨིན་བྱུང་སྟེ། བོད་རབ་བྱུང་བཅུ་བདུན་པའི་ས་མོ་གླང་གི་ལོ་དང་སྤྱི་ལོ 2009 ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་རབས་ཆེན་མོ་དེ་ཉིད་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གྲལ་དུ་བཀོད་པ་རེད།

    དེ་ནི་ལོ་ངོ་བརྒྱད་བརྒྱའི་གོང་གི་བོད་མི་རིགས་ཀྱི་ངག་ཐོག་གི་གཏམ་རྒྱུད་རིག་གནས་ཐུང་ཐུང་ཞིག་རིམ་པས་དར་རྒྱས་གོང་འཕེལ་གྱི་བགྲོད་ལམ་དུ་ཞུགས་ནས་དུས་རབས་ཉེར་གཅིག་པའི་ནང་འཛམ་གླིང་གི་མིའི་རིགས་ཀྱི་གཟུགས་མེད་ཤུལ་བཞག་རིག་གནས་གལ་ཆེན་དུ་གྱུར་པའི་ལོ་རྒྱུས་ཀྱི་གཟི་འོད་ཅིག་རེད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

    རྒྱལ་ཁབ་གཞུང་ནས་བསྒྲུབས་པའི་གླིང་སྒྲུང་དང་གེ་སར་སྐོར་གྱི་བྱ་བཞག་དེ་དག་དང་། ལྷག་པར་སྤྱི་ལོ 2018 ལོའི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་དུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིན་གྱིས་ཚོགས་ཆེན་གྱི་སྙན་ཞུ་འབུལ་སྐབས་བོད་ཀྱི་གེ་སར་དང་སོག་པོའི་ཇིང་གིར་ཁུ་ཨར་ཁུ་སུའི་མ་ནཱ་སི་གསུམ་ནི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རླབས་ཆེན་གྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་ཡིན་པར་བསྟན་པ་སོགས་ཀྱིས་རྒྱལ་ཁབ་ཀྱི་ངོས་ནས་ཀྱང་གླིང་སྒྲུང་རིག་པ་ནི་བོད་རིགས་ཀྱི་ཐུན་མིན་རིག་གནས་རྩ་ཆེན་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསལ་པོར་མངོན་ཡོད།

         དེ་བས་ད་བར་འཛམ་གླིང་སྟེང་ཆེས་སྔ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་སྟེ། གནའ་བོའི་སྦ་པིས་ལོན་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ《ཅི་ཨར་ཅ་མེ་ཧྲི》དང་། གནའ་བོའི་གྷི་རི་སིའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཧི་མའི་སྒྲུང་སྟེ《ཡེ་ལེ་ཡཱ་ཐེ》དང《ཨའོ་ཏེ་སའེ》རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོ《རྒྱལ་པོ་རཱ་མ་ཎའི་རྟོགས་བརྗོད》དང《མཱ་ཧ་བྷ་ར་ཏ》དང་། བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ《གླིང་གེ་སར་གྱི་སྒྲུང་》རྣམས་ལ་འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་དྲུག་དང་ཡང་ན་སྒྲུང་རབས་ཆེན་མོ་དྲུག་ཅེས་བརྗོད་ཀྱི་ཡོད་ལ། དེ་ལས་གེ་སར་སྒྲུང་ནི་སྒྲུང་རབས་ཆེན་མོ་གཞན་ལྔ་མཉམ་སྡོམ་གྱི་ལྡབ་བཅུ་ཕྲག་དུ་མའི་ཚད་དུ་སོན་པས་དངོས་གནས་འཛམ་གླིང་གི་ཆེས་རིང་བའི་ལོ་རྒྱུས་སྒྲུང་རབས་ཆེན་མོ་ཡིན།

   ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། སྒྲུང་རབས་དང་པོ་ལྔ་ནི་ལོ་རྒྱུས་སྟེང་འཚོལ་སྡུད་དང་། དག་སྒྲིགཔར་སྐྲུན་བརྒྱུད་རྗེས་འགུལ་མེད་གཏན་ཁེལ་བྱས་ཟིན་པས་སླད་ཕྱིན་སྒྲུང་པ་གསར་པ་དང་། གཏམ་རྒྱུད་གསར་པ། པར་གཞི་གསར་པ། ངག་རྒྱུན་མི་གཅིག་པ་བཅས་འབྱུང་ཚུལ་མེད་པ་རེད་ལ། དེ་བས་འགུལ་མེད་ཀྱི་རྣམ་པ་དང་། ཡང་ན་ཤི་བའི་རྣམ་པའི་ཚུལ་དུ་གནས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན།

     སྒྲུང་རབས་དྲུག་པ་གླིང་གེ་སར་རྒྱལ་པོའི་སྒྲུང་ལ་མཚོན་ན་ངོ་མཚར་གྱི་དམངས་ཁྲོད་སྒྲུང་མཁན་བརྒྱ་ཕྲག་ལས་བརྒལ་བ་དངོས་བཞུགས་ཀྱིས་ད་བར་ཡང་སྒྲུང་རབས་རྙིང་པ་རྣམས་འཆད་གྱེར་དང་། སྒྲུང་རབས་གསར་པ་མང་པོ་ཕབ་འབྲི་སྒོ་ནས་གོང་འཕེལ་གྱི་གསོན་ཉམས་དང་སྐྱེས་སྟོབས་ཀྱི་དཔལ་འབར་བཞིན་པ་དང་། མ་འོངས་པར་ཡང་དེ་ལྟར་འབྱུང་ངེས་སུ་ཡོད་པས། སླད་ཕྱིན་ཀྱང་སྒྲུང་པ་གསར་པ་དང་། གཏམ་རྒྱུད་གསར་པ། པར་གཞི་གསར་པ། དག་སྒྲིག་གསར་པ། པར་བསྐྲུན་གསར་པ་བཅས་མུ་ནས་འབྱུང་ངེས་པས་རྣམ་པ་གསོན་པོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ནོ།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

གླིང་སྒྲུང་གི་དཔེ་ཚོགས་གྲུབ་ཚུལ་གྱི་བརྒྱུད་རིམ།

         དེ་ཡང་སྤྱི་ལོ་དུས་རབས་བཅུ་གཉིས་པའི་ནང་ཙམ་ནས་གླིང་སྒྲུང་དེ་ཉིད་མེད་པ་ནས་ཡོད་པར་གྱུར་པ་དང་། ཡོད་པའི་རྨང་གཞིའི་སྟེང་ནས་ད་བར་གྱི་ལོ་ངོ་བརྒྱ་ཕྲག་བརྒྱད་ལྷག་རིང་བོད་མི་རེའི་ཁ་ན་སྒྲུང་རེའི་ཚུལ་གྱིས་རིམ་བཞིན་འཕེལ་རྒྱས་དང་། ཁྱབ་གདལ། འཕོ་འགྱུར་བཅས་བྱུང་ནས་སྒྲུང་རབས་ཆེན་མོའམ་སྒྲུང་འབུམ་ཆེན་མོ་ཞིག་ཏུ་གྲུབ། བརྒྱུད་རིམ་དེའི་ནང་བོད་ཡུལ་སྟོད་སྨད་བར་གསུམ་དུ་སྒྲུང་མཁན་བརྒྱ་ཕྲག་དུ་མ་དུས་མཉམ་དང་མུ་འབྲེལ་དུ་བྱོན་ཏེ་གླིང་སྒྲུང་འཆད་གྱེར་གནང་ཞིང་། དུས་མཚུངས་སུ་འཆད་གྱེར་གནང་བའི་སྒྲུང་ཁག་རྣམས་ཅི་རིགས་པ་ཡིག་ཐོག་ཏུ་ཕབ་འབྲི་དང་ལེགས་སྒྲིག་ཀྱང་མཛད་སྲོལ་བྱུང་བས་གེ་སར་སྒྲུང་རབས་ཀྱི་དཔེ་ཆ་མང་པོ་གྲུབ་མགོ་ཚུགས།

         ཁྱད་པར་དུ་བོད་རབ་བྱུང་བཅུ་བདུན་པའི་སྨད་ཀྱི་ཆར་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བོད་སྲིད་སྐྱོང་སྐབས(1727-1757) ངག་དབང་བསྟན་འཛིན་ཕུན་ཚོགས་ཀྱིས་མདོ་ཁམས་གླིང་གསུམ་གྱི་སྒྲུང་པ་ཉི་ཤུ་ཙམ་ལས་དངོས་སུ་གསན་ཏེ་ཧོར་གླིང་གཡུལ་འགྱེད་ཀྱི་སྟོད་ཆ་ཆེན་མོ་ཞིག་ཡིག་ཐོག་ཏུ་ཕབ་འབྲི་མཛད་པ་ནས་གླིང་སྒྲུང་ཡིག་ཐོག་ཏུ་འགོད་པ་དང་དཔར་ཤིང་བཞེང་བ་སོགས་ལ་སྐུལ་ལྕག་ཆེ་ཙམ་ཐེབ་པར་མ་ཟད། སྒྲུང་དཔེ་རྣམས་བོད་རིགས་མང་ཚོགས་ཚོས་ཁྱིམ་ནང་གི་གཡང་རྟེན་གཅེས་ནོར་ཚུལ་དུ་ཉར་ཚགས་བྱེད་པའི་སྲོལ་བྱུང་བ་རེད།

         རྒྱུ་རྐྱེན་དེར་བརྟེན་ནས་དུས་ཕྱིས་སྒྲུང་དཔེ་འཚོལ་བསྡུ་མཁན་རྣམས་ཀྱིས་བོད་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་ནས་དུས་རབས་ཉི་ཤུའི་དཀྱིལ་ཡན་གྱི་སྒྲུང་རྙིང་ལག་བྲིས་མ་དང་ཤིང་པར་མའི་དཔེ་སྣ་བརྒྱ་ཕྲག་ལྷག་བཙལ་རྙེད་བྱུང་བ་ཡིན།

         ཡིན་ན་ཡང་དཔེ་ཆ་དེ་དག་ས་གནས་སོ་སོ་དང་མི་སོ་སོ་ལག་ཏུ་སིལ་འཐོར་གྱི་ཚུལ་དུ་ཡོད་པ་ལས། བླ་མ་རྣམ་པའི་གསུང་འབུམ་ཇི་བཞིན་ཕྱོགས་གཅིག་བསྡུས་ཀྱི་དཔེ་ཚོགས་ངེས་ཅན་ཞིག་གྲུབ་མ་ཐུབ་པར་མ་ཟད། དཔེ་ཆ་ཡོད་རིགས་ཀྱང་དཔེ་རྒྱུན་ཧ་ཅང་ཉུང་ཞིང་དཀོན་པས། གླིང་སྒྲུང་ཀློག་འདོད་མཁན་དང་། ཉར་ཚགས་འདོད་མཁན་ཚོའི་དགོས་མཁོ་སྐོང་ཐུབ་པ་ཞིག་གཏན་ནས་མ་བྱུང་བ་རེད། མ་ཟད་དེའི་བར་ནས་དཔེ་རྒྱུན་ཉམས་བརླག་ཏུ་སོང་བའི་གནས་ཚུལ་ཡང་ཧ་ཅང་མང་།

         དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱི་ཡི་ལོ་དང་སྤྱི་ལོ1958 ལོ་ཚུན་ནས་གཞུང་ཕྱོགས་ནས་ཀྱང་གེ་སར་སྒྲུང་སྐོར་རྩད་གཅོད་ཞིབ་འཇུག་དང་ཡིག་ཆ་འཚོལ་བསྡུ་བྱ་བའི་ལས་དོན་མགོ་ཚུགས་ཤིང་། མཚོ་སྔོན་དམངས་ཁྲོད་རྩོམ་རིག་ཞིབ་འཇུག་ཚོགས་པས་མཐུན་སྦྱོར་འོག་མཁས་དབང་ཚེ་ཏན་ཞབས་དྲུང་དང་། གསུང་རབ་རྒྱ་མཚོ། དགུ་རོང་རྒྱལ་སྲས་སོགས་ཀྱིས་ཧོར་གླིང་གཡུལ་འགྱེད་དག་སྒྲིག་དང་ཞུ་དག་བྱས་ཏེ1961 ལོར་པར་དུ་བསྐྲུན་པ་དང་། གཞན་ཡང་སྒྲུང་དཔེ་སུམ་ཅུ་ལྷག་ཕྱོགས་བསྡུས་སྒོ་ནས་དག་སྒྲིག་པར་སྐྲུན་བྱེད་འཆར་དང་། སྤྱི་ལོ1963 ལོར་དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན་གྱིས་གླིང་སྒྲུང་ལས《འཁྲུངས་གླིང་མེ་ཏོག་ར་བ》དང་། 《རྟ་རྒྱུག་རྒྱལ་འཇོག》《བདུད་གླིང་གཡུལ་འགྱེད》《སྟག་གཟིག་ནོར་རྫོང》《འཇང་ཕྲུག》《དམྱལ་གླིང་རྫོགས་པ་ཆེན་མོ》བཅས་སྒྲུང་ཁག་དྲུག་དག་སྒྲིག་བྱས་ཟིན་ཏེ་པར་དུ་བསྐྲུན་འཆར་བཅས་ཀྱིས་མཚོན་སྤྱི་ཚོགས་གསར་བའི་དུས་སྐབས་ནང་ཡང་གླིང་སྒྲུང་ལ་བསྐྱར་དར་ཞིག་འབྱུང་ཉེ་བ་ན་རིག་གནས་གསར་བརྗེའི་དུས་འགྱུར་ལས། བསྐྱར་དར་དེ་རྗེས་མེད་དུ་ཁྱེར་བར་མ་ཟད། སྤྱི་ཚོགས་རྙིང་བའི་དུས་ཀྱི་སྒྲུང་དཔེ་རྙིང་པ་རིན་བྲལ་མང་པོ་རྩ་བརླག་ཏུ་སོང་ཞིང་སྒྲུང་མཁན་མང་པོར་དོན་རྐྱེན་འོག་འདས་པར་གྱུར།

         དེ་རྗེས 1981 ལོ་ཚུན་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཡོ་བསྲང་བྱུང་ཞིང་བཅོས་བསྒྱུར་སྒོ་འབྱེད་དང་མཉམ་དུ་གེ་སར་སྒྲུང་གི་མྱུར་སྐྱོབ་དང་། འཚོལ་སྡུ། དག་སྒྲིགཔར་སྐྲུན་བཅས་ཀྱི་ལས་དོན་ལ་ཡང་ཡང་བསྐྱར་མདུན་ལམ་བཟང་པོ་དང་ཡར་རྒྱས་ཆེན་པོ་བྱུང་བས། ཞིང་ལྗོངས་ལྔའི་དཔེ་སྐྲུན་ཁང་ནས་གླིང་སྒྲུང་གི་དཔེ་དེབ་མང་པོ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བ་དང་། ངག་སྒྲུང་པ། བབས་སྒྲུང་པ། གཏེར་སྒྲུང་པ། བཤད་སྒྲུང་པ། པྲ་སྒྲུང་པ། བརྩམས་སྒྲུང་པ་སོགས་རིགས་མི་འདྲ་བའི་སྒྲུང་པའང་མང་དུ་བྱུང་བར་མ་ཟད་གླིང་སྒྲུང་གི་ལས་དོན་དང་འབྲེལ་བ་ཡོད་པའི་ལས་ཁུངས་མང་དུ་ཚུགས་ཤིང་། ལས་ཁུངས་དེ་དག་གིས་སྒྲུང་མཁན་གྲགས་པ་དང་བསམ་འགྲུབ་སོགས་སྐུ་འཚོ་བཞུགས་ཀྱི་སྒྲུང་མཁན་མང་པོར་བདག་སྐྱོང་འོག་སྒྲུང་ཁག་རྣམས་སྒྲ་འཇུག་ཟིན་ཕབ་དག་སྒྲིག་པར་སྐྲུན་བྱས་པ་དང་། ཁྱད་པར1995 ལོ་ནས་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོ་དང་གཅོད་པ་དོན་གྲུབ་སོགས་ལས་གླིང་སྒྲུང་གཅེས་བཏུས་ཀྱི་ལས་གཞི་དབུ་བཙུགས་ཏེ2013 ལོར་ལེགས་འགྲུབ་བྱུང་བ་སོགས་ལ་བརྟེན་ནས་གླིང་སྒྲུང་གི་དཔེ་ཚོགས་ཀྱང་ངེས་ཅན་ཞིག་གྲུབ་པ་རེད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་བཞེངས་སྐྲུན་ཆེད་དུ་སྒྲུབ་པའི་བྱ་བ།

         དེ་ལྟ་ན་ཡང་གླིང་སྒྲུང་ནི་རྙིང་པ་འབོར་ཆེ་ཞིང་གསར་པ་འཕེལ་ཆེ་བས། ད་སྔོན་པར་སྐྲུན་ཟིན་པ་དེ་དག་གིས་ད་བར་ཡིག་ཐོག་ཏུ་འཁོད་པའི་གླིང་སྒྲུང་རྣམས་ལས་བརྒྱ་ཆའི་ཉུང་ངུ་ལས་ཟིན་མེད། དེས་ན་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་དུས་སྐབས་སུ་ཡིག་ཐོག་ཏུ་འཁོད་པའི་གེ་སར་སྒྲུང་སྐོར་ཆ་ཚང་ཕྱོགས་བསྡུས་སྒོ་ནས་གླིང་སྒྲུང་ཀུན་འདུས་ཆེན་མོ་ཞིག་ལེགས་སྒྲིག་བྱ་རྒྱུ་ནི་དགོས་གལ་ཆེ་བའི་དུས་མཚམས་སུ་སླེབས་ཡོད།

         དགོས་དོན་དེར་ཆེད་དམིགས་ཀྱིས་ངེད་ཧི་མ་ལ་ཡའི་རིག་མཛོད་ཁང་གིས་ལས་གཞི་ཆེན་མོ་དེ་མ་སྐུལ་དང་བླང་སྒོས《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》བསྡུ་སྒྲིག་དང་ཞུ་དག་པར་སྐྲུན་བཅས་ཀྱི་ལས་གཞི་ལ་ཞུགས་པ་རེད།

         སྤྱིར་ཧི་མ་ལ་ཡའི་རིག་མཛོད་ཁང་གི་གལ་ཆེན་ལས་གཞི《ཧི་མ་ལ་ཡའི་རིག་མཛོད་ཆེན་མོ》སྟེ་པོད་ཕྲེང་ལྔ་སྟོང་ཙམ་གྱིས་གྲུབ་པའི་བོད་ཀྱི་རིག་མཛོད་འདི་ལ་རིག་ཚན་སྡེ་ཁག་བཅོ་བརྒྱད་ཡོད་པའི་ཡ་གྱལ་གཅིག་ནི་གེ་སར་རིག་པ་འདི་ཉིད་ཡིན་ལ། དེའི་ཕྱིར་ལོ་དུ་མའི་གོང་ནས་གེ་སར་དང་འབྲེལ་བའི་དཔེ་ཆའི་སྐོར་འཚོལ་བསྡུ་བྱས་པར་བརྟེན་རིག་མཛོད་ཁང་གི་དཔེ་མཛོད་ཁང་དུ་གླིང་སྒྲུང་སྐོར་པོད380 ལྷག་གཅེས་ཉར་བྱས་ཡོད་པ་རེད།

         རྨང་གཞི་དེའི་སྟེང་དུ་སྤྱི་ལོ2017 ལོ་ཚུན་ནས《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》བཞེངས་སྐྲུན་ཆེད་དུ་ཡང་བསྐྱར་བོད་ལྗོངས་དང་། མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་སུ་ཆེད་བསྐྱོད་ཀྱིས་ལྗོངས་ཞིང་ལྔའི་སྤྱི་ཚོགས་ཚན་རིག་ཁང་དང་། དངོས་མང་བཤམ་སྟོན་ཁང་། དཔེ་རྙིང་པར་སྐྲུན་ཁང་། སློབ་གྲྭ་ཆེན་མོ། ཞིབ་འཇུག་ལྟེ་གནས་སོགས་སྒེར་གཞུང་གི་གླིང་སྒྲུང་ཉར་ཚགས་ཀྱི་སྡེ་ཁག་སྣ་ཚོགས་དང་། བོད་ཁུལ་གྱི་ས་ཆ་སོ་སོའི་དགོན་པ་དང་སྡེ་བ་མི་སྒེར་དང་ཁྱིམ་ཚང་། གཞན་ཡང་འབྲུག་ཡུལ་དང་ལ་དྭགས་སོགས་རྒྱལ་ཕྱི་ནང་ཚང་མ་ནས་སྒྲུང་དཔེ་གང་རྙེད་ཅིག་དཀའ་ཚེགས་ཀྱི་ལམ་འཕྲང་སྣ་ཚོགས་བརྒྱུད་དེ་འཚོལ་བསྡུ་བྱས་པ་ཡིན། འཚོལ་བསྡུའི་དཔེ་གཞུང་གི་རིགས་ལ་ལག་བྲིས་མ་དང་།  ཤིང་པར་མ། དེབ་གཟུགས་མ། གློག་རྡུལ་བཅས་རིགས་སྣ་ཚོགས་སུ་བྱུང་ལ། ད་ཡོད་ཀྱི་གླིང་སྒྲུང་ཕལ་མོ་ཆེ་ཀུན་འདུས་པའི་ཚུལ་དུ་ཡོད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།


བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་སྒྲིག་པའི་གོ་རིམ།

         《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདི་ནི་ཚིག་ཁྱིམ་བྱེ་བ 8 དང་། དེབ་ཆེན300 ཡིས་གྲུབ་པའི་དཔེ་ཚོགས་ཤིག་ཡིན་ལ། བོད་ཡུལ་གྱི་དཔེ་ཚོགས་རྣམས་ལས་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་འཕྲོ་ནས་དཔེ་ཕྲེང་ཆེས་མང་ཤོས་ཀྱི་དཔེ་ཚོགས་ཤིག་ཏུ་གྲུབ་ཡོད།

         འདིའི་སྒྲིག་རིམ་ནི་སྒྲུང་གི་དཔེ་ཚོགས་གཞན་དག་དང་མི་འདྲ་བར་གླིང་སེང་ཆེན་རྒྱལ་པོ་ཁོང་གི་རྣམ་ཐར་གྱི་བྱུང་རིམ་དང་སྦྱར་ནས་བསྒྲིགས་ཡོད་དེ། གེ་སར་ལྷ་ཡུལ་དུ་བཞུགས་པ་ནས། མི་ཡུལ་དུ་སྐུ་འཁྲུངས་པ། མི་ཡུལ་ནས་ས་བཟུང་སྟེ་མངའ་ཐང་རྒྱས་པ། བདུད་ཆེན་བཞི་དང་། རྫོང་ཆེན་བཅོ་བརྒྱད། རྫོང་ཆུང་གྲངས་མང་ཕབ་སྟེ་མཐར་མཁའ་སྤྱོད་དུ་ཕེབ་པའི་བར་གོ་རིམ་ཇི་བཞིན་བསྒྲིགས་ཡོད་པས་ལོ་རྒྱུས་ཞིབ་འཇུག་དང་ལོས་རྒྱུས་དངོས་ཀྱི་རིན་ཐང་མངོན་པར་བྱས་ཡོད།

         དཔེ་ཚོགས་ཆེན་མོ་འདི་ལ་སྤྱིའི་སྡེ་ཚན་གསུམ་དུ་ཕྱེ་ཡོད་དེ། གཅིག་ནི་སྒྲུང་རྙིང་། གཉིས་ནི་སྒྲུང་གསར། གསུམ་ནི་ཟུར་བཀོད་ཡིན།      སྒྲུང་མཁན་གང་གི་སྒྲུང་ཕལ་མོ་ཆེ་བཅོས་བསྒྱུར་སྒོ་འབྱེད(1987)སྔོན་ལ་ཡིག་ཐོག་ཏུ་ཕབ་པ་ཡིན་ན་སྒྲུང་མཁན་དེའི་སྒྲུང་ཚང་མ་སྒྲུང་རྙིང་གྲལ་དུ་བཞག་ཡོད་དེ། དཔེར་ན་སྒྲུང་མཁན་འབྲོང་པ་ལྷ་དགེ་དང་ཁ་ཚ་སྤྲ་བའི་སྒྲུང་ལྟ་བུས་མཚོན།

         སྒྲུང་རྙིང་གི་སྒྲིག་རིམ། སྒྲུང་རྙིང་ལ་ཐོག་མར་སྐུ་ཚེ་སྟོད་ཀྱི་རྣམ་ཐར་དང་སྦྱར་ཏེ《སྲིད་གླིང་ལེའུ》ནས《འཛམ་གླིང་སྤྱི་བསང》བར་སྒྲུང་གཞུང་སོ་གཉིས་དང་དེབ་བཅུ་གཉིས་སུ་བསྒྲིགས་ཡོད།

         སྐུ་ཚེ་བར་གྱི་རྣམ་ཐར་དང་སྦྱར་ནས《མེ་རི་ཐོག་རྫོང》ནས《རྒྱ་ནག་ཇ་རྫོང》བར་སྒྲུང་གཞུང་དགུ་བཅུ་གོ་གསུམ་དེ་དེབ་དགུ་བཅུ་རུ་བསྒྲིགས་ཡོད།

         སྐུ་ཚེ་སྨད་ཀྱི་རྣམ་ཐར་དང་སྦྱར་ནས《རྣམ་ཐར་མཐའ་སྡུད》ནས《ཁམས་གསུམ་བདེ་བཀོད》བར་སྒྲུང་གཞུང་དྲུག་དེ་དེབ་གཉིས་སུ་བསྒྲིགས་ཡོད། བསྡོམས་པའི་སྒྲུང་རྙིང་སྐོར་དེ་སྒྲུང་གཞུང141 དང་དེབ 104 ཡི་བདག་ཉིད་དུ་གྲུབ་ཡོད།

         སྒྲུང་མཁན་གང་གི་སྒྲུང་ཕལ་མོ་ཆེ་བཅོས་བསྒྱུར་སྒོ་འབྱེད(1987)ཚུན་ལ་ཡིག་ཐོག་ཏུ་ཕབ་པ་ཡིན་ན་སྒྲུང་མཁན་དེའི་སྒྲུང་ཚང་མ་སྒྲུང་གསར་གྲལ་དུ་བཞག་ཡོད། དཔེར་ན་སྒྲུང་མཁན་ཆེན་མོ་གྲགས་པ་དང་བསམ་འགྲུབ་ཚེ་རིང་དབང་འདུས་ཀྱི་སྒྲུང་ལྟ་བུས་མཚོན།

         སྒྲུང་གསར་གྱི་སྒྲིག་རིམ། སྒྲུང་གསར་ལ་ཡང་ཐོག་མར་སྐུ་ཚེ་སྟོད་ཀྱི་རྣམ་ཐར་དང་སྦྱར་ཏེ《ཕ་ཁུ་རྣམ་གསུམ་འཁྲུངས་སྐོར》ནས《ཆོས་སྲིད་གདམས་པ》བར་སྒྲུང་གཞུང་དྲུག་ཅུ་དེ་དེབ་སུམ་ཅུ་སོ་བཞི་དང་།

         སྐུ་ཚེ་བར་གྱི་རྣམ་ཐར་དང་སྦྱར་ཏེ《ཤར་བདུད་ཤ་བ་རུ་རིང་》ནས《རྒྱ་གར་ཆོས་རྫོང་》བར་སྒྲུང་གཞུང་བརྒྱ་དང་ཞེ་གསུམ་དེ་དེབ་བརྒྱ་དང་བཞི་བཅུ་ཞེ་གཉིས།

         གེ་སར་གྱི་སྐུ་ཚེའི་སྨད་ཀྱི་རྣམ་ཐར་དང་དེའི་རྗེས་ཀྱི་གླིང་གི་ལོ་རྒྱུས་དང་སྦྱར་ཏེ《སེང་ཆེན་རྒྱལ་པོའི་རྟོགས་བརྗོད་ཨ་སྟག་ཀླུ་མོ》ནས《སེམས་ཉིད་ཆོས་རྫོང》བར་གྱི་སྒྲུང་གཞུང་བཅོ་བརྒྱད་དེ་དེབ་བརྒྱད་དུ་བསྒྲིགས་ཡོད། བསྡོམས་པས་སྒྲུང་གསར་ལ་སྒྲུང་གཞུང198 དང་དེབ 184 ཡི་ཚུལ་དུ་ལེགས་སྒྲིག་བྱས་ཡོད།

         ཟུར་བཀོད་ཀྱི་སྒྲིག་རིམ། ཟུར་བཀོད་ལ་གེ་སར་གྱི་དབང་ཆོག་སྐོར། སྒྲུབ་ཐབས་སྐོར། བསང་གསོལ་སྐོར། མོ་པྲ་སྐོར། སྒྲུང་གི་བཤད་པའི་སྐོར། སྒྲུང་གི་ཚིག་རྒྱན་སྐོར། སྒྲུང་གི་གཏམ་དཔེ་སྐོར། སྒྲུང་གི་ཚིག་མཛོད་སྐོར། གླིང་སྒྲུང་གི་བརྡ་འགྲེལ་སྐོར། གེ་སར་གྱི་ལོ་རྒྱུས་སྐོར། སྒྲུང་མཁན་གྱི་ངོ་སྤྲོད་སྐོར། གླིང་སྒྲུང་ཀུན་འདུས་ཆེན་མོའི་དཀར་ཆག་སྐོར་བཅས་པོད12 ཀྱི་ཚུལ་དུ་བསྒྲིགས་ཡོད།

         སྒྲུང་དངོས་ཀྱི་ནང་དུ་དཔེར་ན། 《རྟ་རྒྱུག་ནོར་བུ་ཆ་བདུན》《རྟ་རྒྱུག་རྒྱལ་འཇོག》《རྟ་རྒྱུག་དཔྱིད་ཀྱི་ཉི་མ》ལྟ་བུ་སོགས་རྩ་བའི་སྒྲུང་རིགས་གཅིག་ཡིན་ཡང་སྒྲུང་མཁན་མི་འདྲ་བའི་སྒྲུང་གཞུང་ཡིན་ན་ནང་དོན་ཆ་ནས་བསྐྱར་ཟློས་ལ་མ་ལྟོས་པར་སྒྲུང་གཞུང་ཀུན་འདུས་ཀྱི་ཆེད་དུ་བསྡུ་སྒྲིག་བྱས་ཡོད་ཅིང། སྒྲུང་དཔེ་རྙིང་བའི་སྟེང་ནས་དུས་ཕྱིས་ཀྱི་མཁས་པས་དག་སྒྲིག་མཛད་པ་དཔེར་ན《ཧོར་གླིང་གཡུལ་འགྱེད་ལེགས་སྒྲིག་མ》ལྟ་བུས་མཚོན་པ་འགའ་རེ་ཡང་བསྡུ་སྒྲིག་བྱས་པ་སྟེ། དེ་ནི་སྔོན་གྱི་སྒྲུང་དཔེ་ལག་བྲིས་མ་རྣམས་དཔེ་སྐྲུན་ཁང་སོ་སོ་ནས་དེབ་ཏུ་བསྐྲུན་སྐབས་ཕྱིས་ཀྱི་རྩོམ་སྒྲིག་པས་ཚིག་དོན་གང་ཐད་ནས་འཕྲི་སྣོན་དང་བཟོ་བཅོས་ངེས་ཅན་བྱས་འདུག་པས། མ་ཡིག་དང་བུ་ཡིག་གཉིས་གཤིབ་བསྡུར་གྱིས་ཁྱད་པར་གང་ཡོད་ངེས་པའི་དགོས་དོན་དུ་ཡིན།

         པར་སྐྲུན་བདག་དབང་གི་ཐད་ནས་སྒྲུང་རྙིང་དག་ནི་རྒྱལ་སྤྱིའི་པར་དབང་ཁྲིམས་ལུགས་ཀྱི་ར་བ་ལས་བརྒལ་ཟིན་པ་དང་། དེ་མིན་སྒྲུང་གསར་མང་ཆེ་བ་སྒྲུང་བ་སོ་སོས་འདི་གའི་པར་སྐྲུན་གྱི་ཐད་ལ་མོས་མཐུན་ཡོད་པར་བདེན་དཔང་དང་ཡི་རང་ཐོབ། དཔེ་སྐྲུན་ཁང་སོ་སོ་ལས་ཀྱང་གང་འཚམས་ཀྱིས་དགོངས་ཁྲོལ་དང་རྒྱབ་སྐྱོར་ཐོབ་པ་གཞིར་བཟུང་ཡོད། ཡིན་ནའང་སྒྲུང་གི་གྲངས་ཀ་མང་ཕྱིན་སྒྲུང་བ་དང་དཔེ་སྐྲུན་ཁང་ལ་གསལ་ཆ་མེད་པ་ཡང་ན་ཞིབ་ཚགས་ཀྱིས་སྒྲུང་པ་སོ་སོར་འབྲེལ་འཛུགས་མ་ཐུབ་པ་སོགས་ལས་བཀའ་མོལ་ཞུ་སྐལ་མ་བྱུང་བར་པར་སྐྲུན་བྱས་ཡོད་སྲིད་པས་དེ་དག་ལ་སྙིང་ནས་དགོངས་གནང་ཡོད་པར་ཞུས་པ་ལགས། གཞན་སྒྲུང་ཡིག་སོ་སོའི་དབུ་མཇུག་གང་རུང་དུ་སྒྲུང་བ་དང་ཡང་ན་བསྡུ་སྒྲིག་པ་དཔེ་སྐྲུན་ཁང་སོགས་གསལ་པོ་ཡོད་པ་དག་ཇི་བཞིན་སྒྲུང་ཡིག་དེ་གའི་མཇུག་ཏུ་བཀོད་ཡོད། དེ་ནི་གཅིག་བྱས་ན་ཁོང་རྣམ་པར་བཀའ་དྲིན་མཚོན་བྱེད་དང་རྗེས་རབས་པའི་ཞིབ་འཇུག་གི་ཁ་སྐོང་། ཀློག་པ་པོས་འབྱུང་ཁུངས་འཚོལ་སླ་བ་སོགས་ལའང་སྟབས་བདེ་བསྐྲུན་ཡོད་ཅིང་ཕྱོགས་གང་ཅིའི་ཐད་ནས་ཀྱང་སྒྲུང་པ་སོ་སོ་དང་ཕྱིས་ཀྱི་བསྡུ་སྒྲིག་པ། པར་སྐྲུན་ཁང་སོགས་གསལ་ཆ་མེད་པའི་རིགས་མ་གཏོགས་ཁ་སྐོང་ཅི་ཐུབ་བྱས་ཡོད་པས་སུ་ཡིན་གྱི་ཁེ་དབང་ལ་རྩིས་མེད་དང་མི་འོས་པ་ཁྲིམས་འགལ་གྱི་ལས་ཀ་གང་ཡང་ལག་ལེན་དུ་བཏབ་མེད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

གླིང་སྒྲུང་ཀུན་འདུས་ཆེན་མོའི་ཞུ་དག་བྱས་པའི་གོ་རིམ།

         《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཞུ་དག་བྱེད་སྟངས་ནི། རིག་མཛོད་ཁང་གི་ཞུ་དག་ལ་རྩ་བའི་གོ་རིམ་ལྟར། གླིང་སྒྲུང་ལའང་། ཡིག་གཏགས། འབྲུ་ཀློག་དཔེ་བསྡུར། དག་བཅོས་དཔེ་བསྡུར། ཞུ་དག  ཞུས་ཆེན། དཔྱད་འཇོག  རྩོམ་སྒྲིག་ལྟ་ཞིབ་བཅས་ཀྱི་རིམ་པ་བརྒྱུད་དེ་ཚིག་དོན་གཉིས་ཀྱི་ཐད་ལ་ཞུ་དག་ཕེར་ངེས་སུ་བྱ་ཅི་ཐུབ་བྱས་ཡོད།

         ཞུས་ཆེན་བྱེད་སྐབས་སུ་ཡང་བོད་ཁམས་ཀྱི་གླིང་སྒྲུང་ཞིབ་འཇུག་པ་དང་། ཆེད་མཁས་པ། སྒྲུང་བ་གྲགས་ཅན་སོགས་སྔ་གཞུག་ཏུ་མཁས་དབང་མི་སྣ་བརྒྱ་ལྷག་ཆེད་དུ་གདན་འདྲེན་ཞུས་ཏེ་སྒྲུང་སྤྱིའི་སྒྲིག་རིམ། ཞུ་དག་བྱེད་ཐབས།  བརྡ་ཆད་ཀྱི་སྐོར་སོགས་ལ་གཅིག་གྱུར་དང་གཏན་ཁེལ་བྱས་པ་དང་། ཞུས་དག་ལ་ཆེད་མཁས་མི་སྣ་སུམ་ཅུ་ལྷག་གིས་ཟླ་ལྔའི་རིང་ལ་ཡང་བསྐྱར་ཆེས་མཇུག་མཐའི་ཞུས་ཆེན་ཐེངས་གཅིག་བྱས་པ་སོགས་ཞུ་དག་གི་ཕྱོགས་ནས་ཧ་ཅང་གཟབ་ནན་བྱས་ཡོད་པས་དེང་སྐབས་ཀྱི་པར་བསྐྲུན་བགྱིས་ཟིན་པའི་དཔེ་རྙིང་དཔེ་ཚོགས་གཞན་དག་དང་བསྡུར་ན་དག་ཆའི་ཚད་མཐོན་པོར་སླེབས་ཡོད།

         མ་གཞི་སྒྲུང་དཔེ་ལག་བྲིས་མ་ཕལ་མོ་ཆེ་ནི་སྐུང་ཡིག་ཧ་ཅང་མང་ཞིང་། ཡིག་ནོར་གྱིས་ཁེངས་པ་དང་། ཚིག་སྦྱོར་གྱི་རྣམ་པ་ཡང་མི་བདེ་བ་སོགས་ཀྱི་ཞན་ཆ་ཆེ་ཙམ་འདུག་པ་སྟེ། དཔེར་ན། སྒྲུང་དཔེ་ལག་བྲིས་མ་ཞིག་ལ་ཞིབ་འཇུག་བྱ་སྐབས་ཆ་སྙོམ་ཀྱིས་ཤོག་ངོས་རེར་ཡིག་ནོར20 ནས 40 ཅན་མང་དུ་འདུག་པ་དང་། ཚིག་ལྷུག་མའི་ཐིག་འཕྲེང་རེའི་ནང་ལྷག་བཅས་ཀྱི་ནས་སྒྲ་བཅུ་ལྷག་ཡོད་པ་ལྟ་བུའི་འབྲེལ་མི་ཆགས་པ།

         ཡིན་ན་ཡང་ཞུས་དག་གི་གོ་རིམ་ནང་སྒྲུང་དཔེའི་མ་ཡིག་གི་རྩ་བའི་ནང་དོན་དང་བརྡ་ཆད་སོར་བཞག་དང་།  བརྡ་དག་དང་འགལ་བའི་ཡིག་ནོར་དག་བཅོས། སྐད་ཆའི་སྤྱི་འགྲོས་དང་མི་མཐུན་པ་ལེགས་བཅོས་གསུམ་རྩ་དོན་དུ་བཟུང་ཡོད་པས། སྒྲུང་དཔེ་རང་གི་ཁྱད་ཆོས་སོར་གནས་དང་། ཡིག་ནོར་གཙང་སེལ། ཚིག་སྦྱོར་བདེར་སྙོམ་གསུམ་ཐད་ནས་དགེ་མཚན་གང་ལེགས་མངོན་ཡོད་པ་རེད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

གླིང་སྒྲུང་གི་ཐ་སྙད་གཏན་འབེབས་བྱེད་སྟངས་ཀྱི་ཐབས་ལམ།

         གཅིག བརྡ་ཆད་གཅིག་གྱུར། སྒྲུང་དཔེ་གསར་རྙིང་གང་ཡིན་རུང་གླིང་སྒྲུང་གི་ཆེད་སྤྱོད་མིང་བརྡ་གཅིག་ལ་འབྲི་སྟངས་མི་འདྲ་བ་མང་དུ་བྱུང་འདུག་སྟེ། དཔེར་ན་མདའ་གཞུ་ཡི་མདའི་མིང་ལ། ཉག་ཕྲན་མདའ་མོ། མྱག་ཕྲན། ནག་ཕྲན། ནགས་ཕྲན་ལྟ་བུ་དང་། མི་སྣའི་སྐོར་ལ། དཔའ་བོའི་མིང་ལ་འཇུག་པ། དཔའ་ཐུལ། དཔའ་ཐིས། དཔའ་ཐིལ།  དཔའ་བཏུར། དཔའ་ཐེས། དཔའ་རྟུལ། དཔའ་བདུད། དཔའ་ཐུས། དཔའ་བརྟུལ། དཔའ་གཏུལ། དཔའ་ཐུར། དཔའ་བཏུལ་སོགས་དོན་གཅིག་ལ་འབྲི་སྟངས་མི་འདྲ་བ་བཅུ་གཉིས་ཙམ་དང་། དེ་བཞིན་ས་མིང་། ཡུལ་ལུང་། གོ་མཚོན། མི་རྟ། ཕྱག་མཚན། རྒྱན་ཆ་སོགས་དོན་གྱི་གོ་ས་གཅིག་ལ་མིང་གི་འབྲི་སྟངས་མི་འདྲ་བ་མང་དུ་བྱུང་བ་དག་འབྲི་སྟངས་གཅིག་ཏུ་གཏན་ཁེལ་བྱས་ཏེ་ནང་དོན་གྱི་ཕྱོགས་ནས་ཀློག་པ་པོ་ལ་ནོར་འཁྲུལ་མི་འབྱུང་བ་དང་རིག་མཛོད་དཔེ་ཚོགས་ཀྱི་སྒྲིག་གཞི་དང་ཡང་མི་འགལ་བར་བྱས་ཡོད།

         གཉིས། བརྡ་ཆད་གདམ་ང་། དཔེར་ན་ཨ་སྟག་ལྷ་མོ་དང་། ཨ་སྟག་ཀླུ་མོ། དཔའ་ཐུལ་དང། དཔའ་བརྟུལ་སོགས་བརྡ་ཆད་མང་ཆེ་བ་ནི་གདམ་ང་ཅན་དང་ཡང་ན་རང་སོར་བཞག་ཡོད། ང་ཚོས་གཅིག་གྱུར་དང་གདམ་ང་བྱ་ཆོག་པའི་མིང་ཚིག་གི་སྐོར་ལས་གལ་ཆེན་དག་གླིང་སྒྲུང་དཔེ་ཚོགས་ཀྱི་མཇུག་གི་ཟུར་བཀོད་ཀྱི་དེབ་ཏུ་བཀོད་ཡོད།

         གསུམ། བརྡ་ཆད་སོར་བཞག  གླིང་སྒྲུང་ནང་དུ་གཞུང་ཆེན་མོ་སོགས་དང་མི་འདྲ་བར་བོད་མདོ་དབུས་ཁམས་ཀྱིས་རོང་འབྲོག་གི་ཡུལ་སྐད་དམ་ཁ་སྐད་ཀྱི་ཐ་སྙད་ཅུང་མང་བའི་ཚུལ་དུ་འདུག་པ་སྟེ། དཔེར་ན། གྲི་ཤུབས་ནས་ཕྱུང་བའི་དོན་གྱི་གྲི་ཤབ། ཁ་སྦུབ་པའི་དོན་གྱི་ཁ་བགོར། རྟ་འཕག་པའི་དོན་གྱི་རྟས་སྒིགཤ་ཞིབ་མོར་བཙབ་པའི་དོན་གྱི་ཤ་འཐར། ཡོད་པའི་དོན་གྱི་འགི་ལ་སོགས་པ་ལྟ་བུ་རྣམས་རིག་གཞུང་གི་ཐ་སྙད་དང་ཡང་ན་མིག་སྔའི་ཚིག་མཛོད་ཀྱིས་མ་བཅོས་པར་སོར་བཞག་བྱས་ཡོད་པ་དང་། དེ་བཞིན་ལ་དྭགས་དང་འབྲུག་ཡུལ་སོགས་རྒྱལ་ཁབ་གཞན་གྱི་མིས་ཕབ་འབྲི་བྱས་པའི་གླིང་སྒྲུང་གི་སྐོར་ཡང་མ་ཕྱི་ཇི་བཞིན་རང་སོར་བཞག་ཡོད་དོ།།

རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་དང་བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོའི་བརྒྱུད་རིམ་ངོ་སྤྲོད།

རྩོམ་སྒྲིག་ཇུས་འགོད་ཀྱི་གོ་རིམ།

         ཞུས་དག་གི་བརྒྱུད་རིམ་ལེགས་པར་སོང་རྗེས་རྒྱལ་སྤྱིའི་རྩོམ་སྒྲིག་མ་ལག་བེད་སྤྱད་དེ་ཚད་ལྡན་གྱི་རྩོམ་སྒྲིག་གི་ཆ་རྐྱེན་འོག་རྩོམ་སྒྲིག་ལག་བསྟར་བྱས་ཤིང་། ཡིག་གཟུགས་ཕུན་ཚོགས་ཡིག་གཟུགས། དེབ་ཚད་ལྡན་ཨང16པ་སྟེ། ལྡེབ་ངོས་ཀྱི་ཡིག་ཚོགས་ཁོད་ཡངས་པ། ཡིག་འབྲུ་ཆེ་ཆུང་འོས་འཚམ་ཡིན་པ། ཡིག་འཕྲེང་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ་དང་། དེབ་ཀྱི་ཕྱི་ཤོག་གནའ་ཉམས་དེང་མཛེས་ཟུང་འབྲེལ་གྱིས་ཇུས་འགོད་བྱས་ཡོད་ལ། དེབ་རེ་རེ་བཞིན་གྱི་དབུར་བོད་ཀྱི་ལྷ་རིས་སྒྱུ་རྩལ་བ་གྲགས་ཅན་ལེགས་སྨོན་གྱིས་གསར་དུ་ཆེད་བྲིས་གནང་བའི་གེ་སར་གྱི་སྐུ་ཐང་རེ་དང་། སྒྲུང་གསར་རྙིང་གི་སྟོད་སྒྲུང་བར་སྒྲུང་སྨད་སྒྲུང་གསུམ་གྱི་དེབ་དང་པོ་དྲུག་དང་དཀར་ཆག་སྟེ་དེབ་བདུན་གྱི་མགོར་བྲག་མགོའི་ལྷ་རིས་པ་ཆེན་མོ་ནམ་མཁའ་རྒྱན་གྱིས་འབྲི་བཞེང་བྱས་པའི་གེ་སར་གྱི་མུ་འབྲེལ་ཞལ་ཐང་བཅུ་གཅིག་མ་ཆ་ཚང་རེ་བཞག་ཡོད་ལ། དཔེ་ཚོགས་ཧྲིལ་བོར་བར་བཅུག་ཞལ་ཐང370 བཀོད་ཡོད། བོད་ཀྱི་སྲོལ་རྒྱུན་རིས་རྩལ་ལ་དེང་གི་ཁྱད་ཆོས་ཀྱིས་སྤུད་པའི་བར་འཇུག་རི་མོ་དེ་དག་གིས་ཀྱང་དཔེ་ཚོགས་འདིར་གཟུགས་སྣང་ལྡན་པ་དང་བཀྲག་མདངས་འཚེར་བའི་མཛེས་པ་མངོན་པར་བྱས་ཡོད་པ་རེད།

         རྟགས་ཀྱི་རིགས་ལ《འཁྲུངས་གླིང་མེ་ཏོག་ར་བ》ལྟ་བུ་དཔེ་ཆའི་ཁ་བྱང་རིགས་ལ་མདའ་ཁྱིམ་དང་། (ཨ་འབྲས་ནི་མིག་འབྲས་ཀྱི་དོན)ལྟ་བུའི་ཟུར་མཆན་གྱི་རིགས་ལ་ཟླ་ཁྱིམ། ༼   བར་མཚམས་འདི་ནས་མ་ཡིག་མི་གསལ༽  ལྟ་བུ་རྩོམ་སྒྲིག་ཁང་གིས་གསལ་བཤད་ཀྱི་རིགས་ལ་སྒོ་ཁྱིམ་འདི་བཀོལ་ཡོད།

         ཚུལ་དེ་ལྟར《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འདི་ནི་གླིང་སྒྲུང་རིག་གནས་ཀྱི་མ་ལག་ཆ་ཚང་བ།  ཞིབ་འཇུག་དཔྱད་གཞིའི་རིན་ཐང་ལྡན་པ།  གནའ་བོའི་སྲོལ་ཉམས་དོད་པ།  དེང་རབས་ཀྱི་མཛེས་ཆས་སྤྲས་པ་བཅས་ཀྱི་སྒོ་ནས་རྩོམ་སྒྲིག་དང་པར་སྐྲུན་བྱས་ཡོད་པས།  གླིང་སྒྲུང་ལ་ལས་སྨོན་གྱི་འབྲེལ་བ་ཟབ་པའི་སྐྱེ་རྒུ་ཀུན་ཀྱི་ཐུགས་དགྱེས་པའི་མཆོད་སྤྲིན་དུ་འགྱུར་བ་དང་།  གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རབས་ཀྱི་པར་སྐྲུན་ལོ་རྒྱུས་སྟེང་གསར་བསླངས་རྡོ་རིང་ལྟ་བུ་ཞིག་ཡིན་པའི་རེ་བ་དང་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

         སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ནས་གདེང་འཇོག་མཐོན་པོ་གནང་སྟེ།  གེ་སར་སྒྲུང་ནི་མི་སེམས་ལ་མཚར་སྣང་བསྐྲུན་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ཞེས་གསུངས་པ་ལྟར།  གེ་སར་སྒྲུང་གསར་གཏོད་དང་རྒྱུད་འཛིན་དར་སྤེལ་བྱས་པ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་པར་མ་ཟད།  ཀྲུང་ཧྭ་མི་རིགས་ཀྱི་ང་རྒྱལ་དང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་དཔེ་མཛོད་ཆེན་མོ་ཞིག་རེད་ཅེས་ཀྱང་སྨོས་ཆོག་ཆོག་ཡིན་པ་རེད།།             


  • ལེ་ཚན་སྔོན་མ།:གཞན་ཕན་གྱིས་འཚོ་བའི་རིགས་ཀྱི་བུ་ཆུང་ཞིག
  • ལེ་ཚན་རྗེས་མ།:ཁམས་ཀྱི་གནམ་གྲུ་ཁ་ལོ་བ་བཀྲ་ཤིས་ཚེ་རིང་གི་གནས་ཚུལ་རགས་བཀོད།