དབྱིས་རིགས་ཀྱི་ཞིང་སྡེའི་ལག་རྩལ་པས་བོད་ཡུལ་དུ་ནུས་རྩལ་ངོམས།

དབྱངས་ཅན་གྱིས་བསྒྱུར།        2019-07-17

    དབྱར་ཟླ་ར་བའི་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་དིས་འབུར་གྲོང་སྡེའི་མུའུ་སྟོང་ལྡན་པའི་ཚོད་མ་དང་ཐོན་ཚད་མཐོ་བའི་རྒྱ་བོད་སྨན་རྩྭའི་དཔེ་སྟོན་འདེབས་འཛུགས་བྱེད་སའི་རྟེན་གཞིར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་རྒྱས་བཞིན་པ་རེད། སྲན་རིང་གི་སོན་སྨྱུག་འདེབས་འཛུགས་བྱེད་སྐབས་འཕྲེད་གཞུང་གི་བར་ཐག་ཚང་མར་གལ་སྲིད་ལི་སྨི40ལས་ཉུང་སོང་ན་སྲན་རིང་ཡག་པོ་སྐྱེ་མི་ཐུབ་ནས་ཐོན་འབབ་ལ་ཤུགས་རྐྱེན་ཐེབས་ངེས་རེད། འགྱིག་ཁེབས་ཀྱི་བར་མཚམས་འདང་ངེས་མ་བཞག་ན་སོན་སྨྱུག་སྐམ་འགྲོ་བ་རེད་ཅེས་སྤྱི་ཟླ7པའི་ཚེས3ཉིན་ལྕགས་ཟམ་རྫོང་སྡེ་ཐོག་གྲོང་སྡེ་ནས་འོངས་པའི་དབྱིས་རིགས་གྲོང་མི་ཉི་ཧུང་ཅུན་གྱིས་དཔེ་སྟོན་བྱེད་ཞོར་གྲོང་མི་པད་མ་ཆོས་སྒྲོན་ལ་དེ་ལྟར་བཤད་པ་རེད།

    འདི་ནི་ང་རང་གིས་དམིགས་བཀར་གྱིས་སྡེ་ཐོག་ནས་ལོ་དང་པོར་ཚོད་ལྟ་འདེབས་གསོ་བྱས་པའི་སྲན་རིང་ཡིན་པ་རེད། འདི་ནའི་གནམ་གཤིས་ཀྱི་ཆ་རྐྱེན་ལ་བལྟས་ན་གནད་འགག་ཡོད་ས་མ་རེད། ང་རང་དང་དབྱིས་རིགས་གྲོང་མི་གསུམ་ཕ་ཡུལ་ནས་ཐོན་ཏེ་རྒྱང་ཐག་སྤྱི་ལེ་སྟོང་ཡོད་པའི་དཔལ་ཡུལ་དུ་ཕྱིན་ནས་དིས་འབུར་གྲོང་སྡེའི་ཡུལ་མི་ལ་སྔོ་ཚལ་འཛུགས་ཚུལ་གྱི་ལག་རྩལ་བསླབས་པ་ཡིན་ཞེས་ཉི་ཧོང་ཅུན་གྱིས་དེ་ལྟར་བཤད།

    འཛིང་ཁོག་ཡུལ་ཤོག་དིས་འབུར་གྲོང་སྡེའི་ཡུལ་མི་གེ་དགའ་ཡིས་གསར་འགོད་པར་སྔོན་ཆད་ང་ཚོས་ལོ་ཏོག་དང་ཡང་ན་པད་ཚལ་དང་ཞོག་ཁོག་ཅི་ཞིག་འདེབས་འཛུགས་བྱས་རུང་དོ་དམ་བྱེད་མི་ཤེས་པ་རེད། ན་ལོར་དབྱིས་རིགས་སྤུན་ཟླ་གསུམ་གྲོང་སྡེར་སླེབས་རྗེས་རེ་རེ་བཞིན་དུ་ང་ཚོ་ལ་འདེབས་འཛུགས་བྱེད་ཚུལ་བསླབས་ནས། ཚོད་ལྟ་བྱེད་སའི་ས་ཞིང་ཁྲོད་འདེབས་འཛུགས་བྱས་པའི་ཞོག་ཁོག་དང་པད་ཚལ་སོགས་མུའུ་རེའི་ཐོན་ཚད་སྔོན་ཆད་ལས་ལྡབ་འགྱུར་བྱུང་བ་རེད། ད་ལོར་ཉི་ཧུང་ཅུན་བཅས་མི་གསུམ་གྱིས་ཁྲིད་སྟོན་ཞིབ་ཕྲ་བྱས་འོག་ཁོ་ཚོས་ས་ཞིང་སྐར་ཆ5ཡི་ཁྲོད་དུ་ཞོག་ཁོག་བཙུགས་ཡོད། ཉི་ཧུང་ཅུན་གྱིས་ཁོ་ལ་འགྱིག་ཁེབས་འོག་ཏུ་ཞོག་ཁོག་འདེབས་འཛུགས་བྱས་ན་ཡུར་མ་ཡུར་བ་སོགས་ས་ཞིང་དོ་དམ་བྱེད་བདེ་ལ་ཐོན་ཚད་ཀྱང་མཐོ་བ་རེད། ས་ཞིང་སྐར་ཆ5ཡི་ཁྲོད་དུ་ཐོན་འབབ་རྒྱ་མ3000ཡན་མན་རག་ཐུབ་པ་དང་ཐོན་ཚད་རིན་ཐང་སྒོར5000ཡན་མན་མངོན་འགྱུར་བྱ་ཐུབ་པ་རེད་ཅེས་བཤད་པ་རེད།

    ན་ལོའི་ཟླ་བ4པར་དཔལ་ཡུལ་རྫོང་འཛིང་ཁོག་ཡུལ་ཤོག་དིས་འབུར་གྲོང་སྡེའི་མུའུ་སྟོང་ལྡན་པའི་ཚོད་མའི་ཐོན་ཚད་མཐོ་བའི་བཅུད་ལྡན་དཔེ་སྟོན་འདེབས་འཛུགས་རྟེན་གཞིར་འདེབས་འཛུགས་བྱེད་མི་མཁས་པ་ཉུང་བ་ཤེས་རྗེས། ཉི་ཧུང་ཅུན་གྱིས་དབྱིས་རིགས་གྲོང་མི་གཉིས་དང་མཉམ་དུ་གདན་ཞུ་ལྟར་དཔལ་ཡུལ་རྫོང་དུ་ཕྱིན་ནས་ལག་རྩལ་མི་སྣའི་འགན་བཞེས་པ་རེད།

    ལོ་གཅིག་གི་རིང་དཔེ་སྟོན་བྱས་པ་དང་ཆེད་རམས་པས་དཔྱད་དཔོག་བྱས་པར་བརྒྱུད། ཞོག་ཁོག་གི་སྡོང་པོ་རེར་ཞོག་ཁོག་རྒྱ་མ9རེ་ཡོད་པ་དང་། པད་ཚལ་རེར་སྔོན་མ་རྒྱ་མ་གང་ཙམ་ལས་མེད་པ་ནས་ད་ལྟར་རྒྱ་མ8བར་འཕར་ཡོད་པ་རེད། ན་ལོར་དཔེ་སྟོན་བྱས་པའི་འགྱིག་ཁེབས་ཞོག་ཁོག་མུའུ་གཅིག་ལ་ཐོན་ཚད་རྒྱ་མ6000ལ་སླེབས་འདུག ཁྲོམ་རའི་རིན་གོང་ལྟར་ཚོད་རྩིས་བྱས་ན་ཐོན་སྐྱེད་རིན་ཐང་སྒོར་ཁྲི་ལ་སླེབས་པར་མ་ཟད་ལོ་གཅིག་ལ་འདེབས་ཐེངས་གཉིས་རེ་བྱེད་ཆོག ད་ལོར་ང་ཚོས་ལྕགས་ཟམ་རྫོང་གི་བདེ་ཐོག་ནས་སྲན་རིང་དང་། ལྡུམ་སྒོང་། ཀྭ་སེར་སོགས་ནང་འདྲེན་བྱས་ཡོད། ང་ཚོས་ཡུལ་དེའི་གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་ལ་གཞིགས་ནས་རྒྱུན་ཆད་མེད་པར་སྔོ་ཚལ་གྱི་སྣ་ཁ་འཕར་སྣོན་བཏང་ནས་ཡུལ་དེའི་བོད་རིགས་སྤུན་ཟླ་ཚོས་དེ་བས་མང་བའི་སྔོ་ཚལ་གསར་པ་ཟ་ཐུབ་པ་བྱ་རྒྱུ་ཡིན། ལོ་གཅིག་གི་རིང་ཁོ་ཚོས་གྲོང་སྡེའི་ཡུལ་མི་ཚོ་བརྒྱ་ཙམ་ལ་སྔོ་ཚལ་འདེབས་འཛུགས་བྱེད་ཚུལ་བསླབས་ཡོད་ཅེས་ཉི་ཧུང་ཅུན་གྱིས་དེ་ལྟར་བཤད་པ་རེད།

    གེ་དགའ་ཡིས་འཛུམ་དམུལ་དམུལ་ངང་གྲོང་མིས་ས་ཞིང་མུའུ་རེར་རིན་གོང་སྒོར500བྱས་ཏེ་དཔལ་ཡུལ་རྫོང་ཙང་ཕིང་ཞིང་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ལ་སྤོ་བསྒྱུར་བྱས་ནས། གྲོང་མིས་རྟེན་གཞིར་གླ་ཕོག་རག་ཐུབ་པར་མ་ཟད། ད་དུང་དབྱིས་རིགས་སྤུན་ཟླ་ལ་བརྟེན་ནས་སྔོ་ཚལ་འདེབས་འཛུགས་བྱེད་ཚུལ་གྱི་ལག་རྩལ་སྦྱོང་ཐུབ་པ་དང་། ཞིང་ལས་ཐོན་སྐྱེད་ཀྱི་ནུས་རྩལ་ཡོད་པས་གྲོང་མི་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པར་འགན་ལེན་ཡོད་པ་རེད་ཅེས་བཤད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཔལ་ཡུལ་རྫོང་ཙང་ཕིང་ཞིང་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་གཅིག་བསྡུས་ཀྱིས་ས་ཞིང་སྤོ་བསྒྱུར་དང་། ངལ་ལས་གླ་པ་འཚོལ་བསྡུ། ནུས་རྩལ་སྦྱོང་བརྡར། ཞིང་ལས་ཐོན་རྫས་ཉོ་སྒྲུབ་བྱེད་པ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས། འཛིང་ཁོག་ཡུལ་ཤོག་དིས་འབུར་གྲོང་སྡེའི་དུད་ཚང་ཡོངས་ལ་ཡོང་འབབ་སྒོར10000ཡན་ལ་སླེབས་ཐུབ་པ་མངོན་འགྱུར་ཡོང་བར་རོགས་རམ་བྱས་པ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:ཕེང་ཆིང་ཧྭས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་ཏུ་གསུང་བཤད་གནང་།
  • དོ་སྣང་ཆེ་བའི་རྩོམ།