དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

ཀུན་དགས་བསྒྱུར་ཞུས་བྱས།        2019-07-12

དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

བུ་བདུན་པ་ཀྲང་ཐེན་ཚའེ།

    ང་བཅིངས་འགྲོལ་དམག་ནང་ཞུགས་ཡོད།

    དུས་རབས་གོང་མའི་ལོ་རབས་སུམ་ཅུ་པར་མི་གཉའ་རྒོད་ཕྲུག་ཁྱིམ་ཚང་གང་པོའང་ཡུལ་མི་སྤུན་ཟླ་ཚོ་དང་འདྲ་བར་འཆར་ལྡན་བུ་བཙའི་ཆེད་དུ་གང་སར་ཚོང་ལས་ཙག་ཙིག་བརྒྱག་རྒྱུ་ལས་མ་འདས། བུ་ཕྲུག་ཚོས་ཨ་མའི་སྣེ་ཁྲིད་འོག་བྲན་གཡོག་བདག་པོར་རྩྭ་བྲེག་པ་དང་ནོར་ལུག་འཚོ་བ་སོགས་ལྟོ་མི་རྒྱག་བ་དང་རྒྱབ་མི་དྲོ་བའི་དཀའ་སྡུག་ཚད་མེད་མྱོང་གིན་ཡོད་སྟབས་མི་གཉའ་རྒོད་ཕྲུག་ལ་ཐབས་ཤེས་ཟད་དེ་སྔ་གཞུག་ཏུ་བུ་གཉིས་དང་བུ་མོ་གཅིག་གཞན་ལ་བྱིན་ཡོད། ཡིན་ནའང་བྲན་གཡོག་བདག་པོའི་བཤུ་གཞོག་དང་གཉའ་གནོན་ལས་གཡོལ་ཐབས་བྲལ་བ་རེད།

1935ལོར་དམར་དམག་བྱང་དུ་བསྐྱོད་ཅིང་བོད་དུ་ལོ་གཅིག་དང་ཟླ་བ་བརྒྱད་ལྷག་བསྡད་དེ་ཡུལ་གྱི་གཤེད་མ་གཏོར་ནས་ས་ཞིང་བགོ་བཤའ་བརྒྱབ་པ་དང་། སྤྱི་ཚོགས་རྙིང་པའི་སྟོབས་ཤུགས་ངན་པ་དང་འཐབ་རྩོད་ཚད་མེད་བྱས་ཡོད། མི་གཉའ་རྒོད་ཕྲུག་གིས་དམར་དམག་གི་ངར་ལྕགས་ལྟ་བུའི་སྒྲིག་ཁྲིམས་དང་སྤྱོད་བཟང་གི་རྣམ་པ་དེ་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་ནས་རང་གི་བུ་རྣམས་ནར་སོན་རྗེས་ངེས་པར་དུ་དེ་ལྟ་བུའི་དམག་དཔུང་ནང་ཞུགས་སུ་འཇུག་དགོས་སྙམ། ཕྱིས་སུ་བཅིངས་འགྲོལ་ཐོབ་རྗེས་ཁོང་ཁྱིམ་མི་གང་པོའང་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་ཏེ་ཁྱིམ་མི་ལྷན་དུ་འཛོམས་ཡོད་པ་རེད།

དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

བུ་གསུམ་པ་གཡུང་དྲུང་རྒྱལ་མཚན།

དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

དམག་ལས་ཕྱིར་འཐེན་པའི་ལག་ཁྱེར།

  1950ལོའི་ཟླ3པར་བོད་རིགས་ས་ཁུལ་ཞི་བས་བཅིངས་འགྲོལ་བཏང་ཡོད། ལོ་དེའི་ནང་དམག་དཔོན་ཀྲང་གོ་ཧྭ་ཡིས་སྣེ་ཁྲིད་པའི་དམར་དམག་འབུམ་ཤོག18པ་བོད་དུ་སྐྱོད་བའི་སྐབས་དེར། བུ་ཆེ་བ་སྙིང་པོ་ཚེ་རིང་གི་སེམས་སུ་བཅིངས་འགྲོལ་དམག་ནང་ཞུགས་པའི་འདུན་པ་དྲག་པོ་བཅངས་ཡོད། དེ་རྗེས་ཁོ་དང་སློབ་གྲོགས་རྒྱལ་ཐར་གཉིས་ཀྱིས་གྲོས་བསྡུར་བྱས་ཏེ་གསང་བའི་སྒོ་ནས་དར་མདོ་རྫོང་གནས་སྐབས་དམག་དོན་དོ་དམ་ཨུ་ཡོན་ལྷན་ཁང་དུ་སོང་ནས་གསར་བརྗེའི་དཔུང་སྡེར་ཞུགས་རྒྱུའི་རེ་བ་བཏོན། དམག་དོན་དོ་དམ་ཨུ་ལྷན་འགོ་ཁྲིད་ཀྱིས་ཀྱང་ཁོའི་དམག་ཞུགས་སེམས་འདུན་ལ་ཡིད་ཆེས་སྐྱེས་ཏེ་ལམ་སང་གཟུགས་པོར་བརྟག་དཔྱད་དང་རིག་གནས་ཡིག་རྒྱུགས་བཏང་རྗེས་ཉིན་དེར་དམག་ཞུགས་ཆོག་མཆན་སྤྲད་ནས་དཔུང་སྡེའི་སྐུ་སྲུང་བ་དང་རྒྱལ་བོད་ཡིག་སྒྱུར་བའི་འགན་གཅིག་ལྕོགས་ཁུར་བ་རེད།

ལོ་འགའི་ནང་དུ་སྙིང་པོས་ཁྱིམ་དུ་འབྲེལ་བ་བྱ་རྒྱུ་མི་རག་པས་ཁྱིམ་མི་གང་པོས་སེམས་ཁྲལ་ཚད་མེད་བྱས་ཡོད་ཅིང་། 1952ལོའི་ཟླ་བ11པར་སྙིང་པོས་ལྷ་ས་ནས་ཁྱིམ་དུ་ཡི་གེ་ཞིག་བསྐུར་ཏེ"ང་བཅིངས་འགྲོལ་དམག་ནང་ཞུགས་ཡོད། འདི་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་དམག་དཔུང་ཞིག་ཡིན།"ཞེས་བྲིས་ཡོད་པས་གཞི་ནས་ནང་མི་ལྷན་རྒྱས་སེམས་སྐྱིད་བློ་བདེ་ཡོང་བ་རེད།

    སྙིང་པོ་ཚེ་རིང་དམག་དཔུང་ནང་ཡོད་དུས་ཡར་ཐོན་ཆེན་པོ་བྱུང་ནས་ཟླ་གསུམ་མ་འགོར་བར་གུང་གཞོན་ཚོགས་པའི་ནང་ཞུགས་པ་དང་ལོ་གཉིས་ལས་མ་འགོར་བར་ཏང་གི་རྩ་འཛུགས་སུ་ཞུགས་ཡོད་ཅིང་། སྔ་རྗེས་སུ་སྐུ་སྲུང་བ་དང་འཕྲོད་བསྟེན་པ། བརྒྱ་དཔོན་གཞོན་པ། རུ་དཔོན་སོགས་ཀྱི་གོ་གནས་འཁུར་མྱོང་། 1956ལོའི་ཟླ་བ9པར། དམག་དོན་སློབ་གྲྭར་སོང་ནས་དམག་དོན་བཀོད་འདོམས་ལག་རྩལ་སློབ་སྦྱོང་བྱས། སྔ་རྗེས་སུ་གོང་རིམ་ལས་ཁུངས་ཀྱིས་གཉེར་བའི་སློབ་སྦྱོང་གསོ་སྦྱོང་འཛིན་གྲྭར་ཞུགས་མྱོང་། ཁོང་འགོ་ཁྲིད་ལས་བྱེད་པར་ཞུགས་རྗེས་ཡང་བསྐྱར་ཀྲུང་དབྱང་མི་རིགས་སློབ་གླིང་དུ་སློབ་སྦྱོང་ལ་ཕྱིན་པ་རེད།

དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

དམག་ལ་ཞུགས་པའི་མིང་སྲིང་བཅུ་གཅིག

བུ་ཆུང་བ་རྣམ་ཐོས།

    1955ལོའི་དགུན་ཚིགས་སྐབས་སུ་ཕ་མི་གཉའ་རྒོད་ཕྲུག་དང་མ་བཀྲ་ཤིས་ལྷ་མོ་གཉིས་ཀྱིས་བུ་གཉིས་པ་ཚེ་རིང་བཀྲ་ཤིས་ལ་ང་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་ནི་གུང་ཁྲན་ཏང་དང་མའོ་ཀྲུའུ་ཞིའི་བཀའ་དྲིན་ཡིན་པས་ཁྱོད་ནར་སོན་རྗེས་དམག་ལ་ཞུགས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་དགོས་པའི་གནས་ལུགས་བཤད་ཐོག ཚེ་རིང་བཀྲ་ཤིས་རང་ཉིད་ཀྱི་ཕུགས་འདུན་ཡང་དམག་ལ་ཞུགས་ནས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པས་ཟླ་གཅིག་ཙམ་གྱི་རྗེས་སུ་ཕོ་གསར་ཁ་ཤས་དང་མཉམ་དུ་ཁྲེང་ཏུའུ་དམག་ཁུལ་གྱི་བོད་མིའི་མདའ་ཤོག་ཅིག་ཏུ་ཞུགས་ནས་ལུས་ལ་དམག་གོས་ཐོག་མར་གྱོན་པ་རེད། དང་ཐོག་ཚེ་རིང་གིས་རྒྱ་སྐད་རྒྱ་ཡིག་མི་ཤེས་པས་འགོ་འཛིན་གྱིས་ཁོ་ལ་སློབ་ཚན་ཀློག་བཅུག་པ་དང་ཡི་གེ་འབྲི་བཅུག་པ། ཐང་རྒྱལ་རབས་ཀྱི་སྙན་ངག་བློར་འཛིན་དང་འཕྲིན་ཡིག་འབྲི་བའི་ཐབས་ཤེས་སོགས་སྤྱད་དེ་དམག་ནང་ཞུགས་ནས་ལོ་གཉིས་ལས་མ་སོང་བར་ཚེ་རིང་གིས་ཁྲེང་ཏུའུ་དམག་ཁུལ་དམག་དོན་སྦྱོང་བརྡར་ནང་དུ་ཨང་དང་པོ་གསུམ་བླངས་པ་དང་བྱས་རྗེས་རིམ་པ་དང་པོ་གཅིག་བཞག་ཡོད། 1957ལོའི་ཟླ་བ6པར་རྟའུ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་དམག་འཐབ་ནང་ཞུགས་སྐབས་ཁོང་དཔའ་ངར་ཆེ་ཞིང་ཞུམ་པ་མེད་ཅིང་རང་སྲོག་བློས་གཏོང་བར་མི་སྐྲག་ཀྱང་སྟབས་མི་ལེགས་པར་ངོ་ལོག་ཟིང་འཁྲུག་པས་བརྒྱབ་པའི་མདེའུ་བྲང་གཡོན་པར་ཕོག་ནས་ན་གཞོན་གྱི་ཚེ་སྲོག་ཕུལ་བ་རེད།

    བཅིངས་འགྲོལ་དམག་གི་སློབ་གྲྭ་ཆེན་མོ་ནས་སྦྱོང་བརྡར་བྱས་ཏེ་འཚར་ལོངས་བྱུང་།

    བུ་གཉིས་པ་སྐུ་གཤེགས་ནས་ཡུན་རིང་མ་སོང་བར་རྒོད་ཕྲུག་བཟའ་ཟླ་གཉིས་ཀྱིས་བུ་གསུམ་པ་གཡུང་དྲུང་རྒྱལ་མཚན་དེ་བུ་གཉིས་པ་ཚེ་རིང་བཀྲ་ཡོད་སའི་དམག་དཔུང་དུ་བསྐྱལ་བ་རེད།

ཞལ་གྱེས་ཁར་ཕ་མ་གཉིས་ཀྱིས་གཡུང་དྲུང་རྒྱལ་མཚན་ལ་ཁྱོད་རང་དམག་ནང་ཞུགས་རྗེས་དཀའ་སྤྱད་སྦྱོང་བརྡར་བྱ་དགོས་པ་སོགས་བསླབ་བྱ་གནད་ཀྱི་དམ་པ་ཡང་ནས་བསྐྱར་དུ་གནང་ཡོད་པས་ཁོས་ཀྱང་ཕ་མའི་བསླབ་བྱ་སེམས་སུ་བརྟན་པོར་བཅངས་ནས་དཀའ་སྤྱད་འབད་བརྩོན་བྱས་མཐར་མདའ་ཤོག་ཡོངས་ཀྱི་སྦྱོང་བརྡར་རྩེ་གྲ་བར་གྱུར་ཡོད་ཅིང་། ཅང་མ་འགོར་བར་མྱུལ་ཞིབ་བཅུ་དཔོན་ལ་བདམས་པ་རེད། དེའི་རྗེས་བྲག་འགོ་དང་འབའ་ཐང་རྫོང་སོགས་ཡོམ་འགོག་གེགས་སེལ་ཁྲོད་ཁོང་ཤི་གསོན་ལ་མ་འཛེམས་པར་སོ་ཕག་ཕུང་པོའི་ནང་རྨས་སྐྱོན་ཕོག་པའི་མང་ཚོགས་ཉིས་བརྒྱ་ཉི་ཤུ་ལྷག་ཙམ་བསྐྱབས་པ་དང་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ཞིག་རལ་ཐོག་ཏུ་གུར་རེ་རེ་བཞིན་ཕུབ་པ་སོགས་གང་དུ་ཉེན་ཁ་ཡོད་ན་དེ་རུ་ཁོའི་གཟུགས་བརྙན་མཐོང་རྒྱུ་ཡོད་པ་རེད།

1959ལོའི་ཟླ་བ9པར། མ་གཞི་གཡུང་དྲུང་ཡོད་སའི་བརྒྱ་ཤོག་གི་ལས་འགན་ཞིག་མིན་མོད། འོན་ཀྱང་ཁོང་གིས་བྲིས་པའི་ཡི་འབྲུ2000ཅན་གྱི་ཁྲག་ཡིག་ཅིག་སྤྲད་པས་འཐབ་འཛིང་ལ་ཞུགས་ཆོག་པའི་བཀའ་ཕབ་ཡོད། ཁོས་ཇག་པ་དང་གྲི་འཛིང་བྱེད་སྐབས་ཇག་པ་བཅུ་གཅིག་གིས་མཐའ་བསྐོར་བྱས་ཏེ་དཔུང་གཡོན་ལ་གྲི་ཕོག་ནས་ཆད་གྲབས་ཡོད་དུས་ཁོ་ནི་ཕོ་རྒོད་ཅིག་ཡིན་པར་ངོ་གནོང་མི་དགོས་ཏེ་ལུས་སྟེང་གི་གློ་གྲི་འཐེན་ནས་དཔུང་བ་གཡོན་པ་བཅད་དེ་ལྭ་བ་ཡིས་བསྡམས་པ་དང་། ལག་པ་གཡས་པས་མེ་མདའ་བཟུང་ནས་མུ་མཐུད་ཇག་པ་དང་འཐབ་འཛིང་བྱས་མཐར་མགོ་ཡོམ་འཁོར་ནས་ས་ལ་འགྱེལ། དཔུང་གཡོན་མེད་པའི་གཡུང་དྲུང་རྒྱལ་མཚན་ཚེ་གཅིག་གསོ་བཅོས་ཁང་དུ་བསྡད་ཆོག་པའི་ཆོག་མཆན་ཐོབ་ན་ཡང་ཁོས་རྒྱལ་ཁབ་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་ཆེད་རང་ཡུལ་དུ་ལོག་ནས་ཐོན་སྐྱེད་ཀྱི་ལས་ལ་གཞོལ་བ་རེད།

1966ལོའི་རྗེས་ཀྱི་ལོ་བཅུའི་ནང་རྒོད་ཕྲུག་བཟའ་ཟླ་གཉིས་པོས་ཡང་བུ་བཞི་པ་གཡུང་དྲུང་ཕུན་ཚོགས་དང་ལྔ་པ་བཀྲ་ཤིས་ཚེ་རིང་། དྲུག་པ་པད་མ། བདུན་པ་ཀྲང་ཐའེ་ཚའེ། བརྒྱད་པ་བསོད་ནམས། དགུ་པ་རྣམ་ཐོས་བཅས་རིམ་པ་བཞིན་དུ་དཔུང་སྡེར་བསྐྱལ་བ་རེད། ཁོ་ཚོས་དམག་དཔུང་ནང་ཆབ་སྲིད་ལོ་རྒྱུས་དང་ཚན་རིག་རིག་གནས་སོགས་ཤེས་བྱ་སློབ་སྦྱོང་བྱས་མཐར་བསམ་བློའི་བྱང་ཚད་མཐོ་བ་དང་སྤྱོད་ཚུལ་བཟང་བས་ཚང་མ་ཏང་གི་རྩ་འཛུགས་ནང་ཞུགས་ཡོད་པ་རེད།

    མཛེས་ཆས་ལ་མི་དགའ་དྲག་ཆས་ལ་འདོད།

    1956ལོའི་ལོ་འགོར་བརྒྱད་ཟིལ་རྫོང་ཁྲེང་ཀོན་ཆུས་དང་ཏཱ་ཧོ་པ་ཆུས་སོགས་ཆུས་བཞིར་དམངས་གཙོ་བཅོས་སྒྱུར་བྱེད་འགོ་ཚུགས། སྐབས་དེར་ངོ་ལོག་པ་ཁ་ཤས་ཀྱིས་ཟིང་འཁྲུག་བསླངས་པ་རེད། རྫོང་མཁར་དུ་སྡོད་པའི་དྲག་དཔུང་མི་དམངས་ཉེན་རྟོག་པའི་ཡན་ལག་རུ་ཁག་ལ་མི30ལས་མེད་ཅིང་། གསར་དུ་བཙུགས་པའི་ཡུལ་དམག་གི་མཚོན་ཆ་རྗེས་ལུས་ཡིན་པ་དང་། མེ་མདའ་དང་རྫས་མདེལ་མི་འདང་བའི་གནས་ཚུལ་ཚབས་ཆེན་ཡོད་པས་ཉེན་ཁར་ཐུག་པའི་སྐབས་སུ། བརྒྱད་ཟིལ་རྫོང་གི་བུད་མེད་གཞོན་ནུ་སྐོར་ཞིག་གིས་རང་སྲོག་བློས་གཏོང་བར་མི་སྐྲག་ནས་རྫས་མདེལ་སྐྱེལ་འདྲེན་དང་རྨས་མ་བཀྱག་འཁུར་བཅས་བྱས་པ་རེད། ཁོང་ཚོའི་ཁྲོད་རྫོང་ཡུལ་དམག་ཡན་ལག་རུ་ཁག་གི་རྟ་བཞོན་མདའ་འཕེན་ལ་མཁས་པའི་བོད་རིགས་བུ་མོ་ཞིག་ཡོད་པ་འདི་ནི་རྒོད་ཕྲུག་གི་བུ་མོ་ཆེ་བ་ཚེ་རིང་གཡང་འཛོམས་རེད།

    ངོ་ལོག་ཟིང་འཁྲུག་ཕྱོགས་ཁག་རྫོང་མཁར་དང་སྤྱི་ལེ30ཙམ་རྒྱང་བའི་ནགས་རིའི་ཁྲོད་བསྡད་དེ་རྫོང་མཁར་ལ་ཚུར་རྒོལ་བྱེད་པའི་རེ་ངན་བཅངས། འདི་འདྲིའི་གནས་ཚུལ་འོག་བརྒྱད་ཟིལ་རྫོང་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་འཐབ་རྩོད་གཙོ་བོར་འཛིན་པ་དང་དགོས་ངེས་ཀྱི་དམག་དོན་རྡུང་རྡེག་ཟུང་འབྲེལ་བྱེད་པའི་བྱེད་ཕྱོགས་ལྟར། མི་དམངས་ཉེན་རྟོག་པ་དང་གྲོང་སྡེའི་ལས་བྱེད་པ། ཡུལ་དམག་བཅས་བསྡོམས་པས་མི་ཆིག་སྟོང་ཉིས་བརྒྱ་ལྷག་བསྡུས་ནས་དམག་དཔུང་རུ་བཞི་རུ་བགོས་ཏེ་ཕར་རྒོལ་བྱེད་པའི་ཐབས་ལམ་འཚོལ་བ་རེད།

ཚེ་རིང་གཡང་འཛོམས་ཀྱིས་སྣེ་ཁྲིད་པའི་ཡུལ་དམག་ཡན་ལག་རུ་ཁག་གིས་དུས་ཚོད་ཐུང་ཐུང་ཞིག་གི་ནང་དམག་འཐབ་བཀོད་སྒྲིག་ལེགས་པོར་བྱས་ཏེ་མང་ཚོགས་རང་བཞིན་གྱི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བའི་བྱེད་སྒོ་སྤེལ་ནས་ངོ་ལོག་ཟིང་འཁྲུག་པ་གབ་ས་མེད་པར་བཟོས་ཡོད།

    མི་གཉའ་རྒོད་ཕྲུག་གི་བུ་མོ་ཆུང་བ་ཕང་ཕང་ཞེས་པ་དེའང་དམག་ལྭ་གྱོན་རྒྱུར་ཧ་ཅང་དགའ་པོ་ཡོད་པ་རེད། མོ་ས་ལྔ་ལུང་ཡུལ་ཤོག་གི་བུད་མེད་ཡུལ་དམག་འཛིན་གྲྭའི་བཅུ་དཔོན་བདམས་རྗེས་ཉིན་ལྟར་སྦྱོང་བརྡར་དང་སྐོར་གཡེང་བྱ་དགོས་ལ་ཁྱིམ་ལས་ཀྱང་འགན་འཁུར་དགོས་པས་ཉིན་གང་བོར་བྲེལ་འཚུབ་ཀྱི་ལས་ཀ་ཚར་རྒྱུ་མེད་པ་རེད། མོས་འགོ་ཁྲིད་བྱས་པའི་བུད་མེད་ཡུལ་དམག་འཛིན་གྲྭའི་དམངས་དམག་ཚང་མ་འཇོན་ནུས་ཅན་ཏག་ཏག་ཡིན་པས་གོང་རིམ་རྩ་འཛུགས་ནང་ཞུགས་པའི་ཡུལ་དམག་དམག་དོན་འགྲན་བསྡུར་ནང་ཁོ་ཚོས་སྔ་རྗེས་སུ་ཨང་དང་པོ11དང་ཁྱོན་བསྡོམས་བྱ་དགའ22བླངས་ཡོད་པས་རྫོང་དེའི་སྔོན་ཐོན་ཡུལ་དམག་ཚན་པར་བདམས་པ་རེད།

    ཆེས་སྤྱིར་བཏང་གི་ཁྱིམ་དུད་ཅིག་ལས་ཆེས་སྤྱིར་བཏང་མིན་པའི་དམག་མི་ཚོ་གཅིག་ཐོན་ཡོད་ཅིང་། ཁོང་ཚོས་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཁྲོད་ཁམས་བོད་མཐོ་སྒང་ལ་བཅངས་པའི་བརྩེ་བ་ཟབ་ལ། རྒྱལ་ཁབ་དང་། དམག་དཔུང་། མི་དམངས་བཅས་ཀྱི་ཁེ་ཕན་དེ་ཀུན་ལས་གལ་ཆེ་པོར་བརྩི་བར་ཡིན་ནོ།།

  • ལེ་ཚན་སྔོན་མ།:རང་ཁུལ་དུ་འཕྲིན་སྦྱོར་མཉམ་འདྲེས་ཀྱི་གསོ་སྦྱོང་སྤེལ་བཞིན་ཡོད།
  • ལེ་ཚན་རྗེས་མ།:སི་ཁྲོན་ཏང་འཛུགས་དུས་དེབ་ཚོགས་པའི་ཏང་ཡོན་ལས་བྱེད་པས་ལྕགས་ཟམ་རྫོང་དུ་གཙོ་དོན་སློབ་གསོ་བྱེད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།