ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཕྱོགས་སྡོམ་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

    མི་དམངས་ཉིན་རེའི་ཚགས་པར།    2019-07-10

ཞི་ཅིན་ཕིང་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཕྱོགས་སྡོམ་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ།

    པེ་ཅིང་ནས་ཟླ7ཚེས5ཉིན་འབྱོར་བའི་གཏམ་གསར། ཚེས5ཉིན། པེ་ཅིང་དུ་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་གི་ཕྱོགས་སྡོམ་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་འཛུགས་ཀྱི་གྲུབ་ཆ་དང་དོ་དམ་སྒྲིག་གཞིར་བརྒྱུད་རིམ་གྱི་རང་བཞིན་དང་སྤྱི་ཡོངས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བསྐྱར་སྒྲིག་ཐེངས་གཅིག་བྱས་པ་ཞིག་རེད། ང་ཚོས་སྤྱི་ཡོངས་ཀྱི་སྒོ་ནས་ཀྲུང་དབྱང་དང་ས་གནས་རིམ་པ་ཁག་དང་རིགས་ཁག་གི་ལས་ཁུངས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། བསྐྱར་སྒྲིག་རྣམ་པའི་སྒོ་ནས་ཏང་གི་འགོ་ཁྲིད་མ་ལག་དང་། སྲིད་གཞུང་གི་བཅོས་སྐྱོང་མ་ལག དྲག་ཆས་སྟོབས་ཤུགས་ཀྱི་མ་ལག་ཚོགས་པའི་ལས་ཀའི་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་བ། བརྒྱུད་རིམ་ལྡན་པའི་སྒོ་ནས་ཏང་གི་འགོ་ཁྲིད་བྱེད་ཤུགས་དང་། སྲིད་གཞུང་གི་ལག་བསྟར་བྱེད་ཤུགས། དྲག་ཆས་སྟོབས་ཤུགས་ཀྱི་དམག་འཐབ་བྱེད་ཤུགས། ཚོགས་པའི་རྩ་འཛུགས་ཀྱི་གསོན་ཤུགས་བཅས་ཆེ་རུ་གཏོང་བ། དུས་རབས་གསར་པའི་བླང་བྱ་དང་འཚམ་པའི་ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་གི་སྒྲོམ་གཞི་གཙོ་བོ་རགས་ཙམ་སྐྲུན་པ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱས་ཡོད། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་གཏོང་བར་ཕན་འབྲས་ཆེན་པོ་དང་ཉམས་མྱོང་རྩ་ཆེན་ཐོབ་པར་ཕྱོགས་སྡོམ་ནན་ཏན་བྱས་ཏེ། ལས་ཁུངས་སྒྱུར་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་མ་ལག་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས་པའི་ནན་བཤད་གནང་བ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཀྲའོ་ལེ་ཅེ། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 

    ཞི་ཅིན་ཕིང་གིས་གསུང་བཤད་ནང་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་བྱ་སྤྱོད་གལ་ཆེན་ཞིག རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཅིག་སྡུད་བྱ་སྤྱོད་གཅིག་བཅས་རེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་གྲོལ་རྗེས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་གཅིག་གྱུར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྒྱུར་བཅོས་ཀྱི་སྒྲིག་ལམ་ཁ་གསལ་བཟོས་པ། མིའི་ལས་དོན་ཡག་པོ་བསྒྲུབས་པ། སྒྲིག་ཁྲིམས་ནན་པོ་ལག་ལེན་བསྟར་བ་བཅས་བྱས་ནས་དུས་ཐུང་ལོ་གཅིག་ལྷག་ཙམ་རིང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་སྤྱི་ཡོངས་ནས་ལེགས་གྲུབ་ཟིན་ཏེ་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད།

    ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པར་དོན་འཁྱོལ་ནུས་ལྡན་བྱུང་ནས། ཏང་གི་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་ལས་ཁུངས་ཀྱི་འགན་ནུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ལས་འགན་སྒྲུབ་རྒྱུ་སྔར་བས་བདེ་བླག་དང་ལས་ཕྱོད་ཆེན་པོ་བྱུང་བ། རིགས་ཁག་གི་ལས་ཁུངས་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”སྤྱིའི་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བའི་དགོས་མཁོ་དང་སྔར་བས་འཚམ་པ། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཀྱི་ལས་ཁུངས་གཙོ་བོ་བཀོད་སྒྲིག་དང་འགན་ནུས་བཀོད་སྒྲིག་ཀྲུང་དབྱང་དང་གཞི་རྩའི་ཆར་གཅིག་མཚུངས་རྒྱུན་འཁྱོངས་བྱུང་སྟེ་ཀྲུང་དབྱང་ནས་ས་གནས་བར་གྱི་འཁོར་སྐྱོད་བདེ་བླག་དང་གསོན་ཤུགས་ཀྱིས་ཁེངས་པའི་ལས་ཀའི་མ་ལག་ཅིག་བཙུགས་པ། དམག་དཔུང་དང་ས་གནས་ལས་སྒྲོལ་བའི་སྒྱུར་བཅོས་ལ་བདེ་བླག་ངང་སྐུལ་འདེད་བཏང་བ། འབྲེལ་ཡོད་ཀྱི་རིགས་ཁག་གི་ལས་ཁུངས་སྒྱུར་བཅོས་ལ་གོམ་སྟབས་གཅིག་མཚུངས་ངང་སྐུལ་འདེད་བཏང་ནས་སྒྱུར་བཅོས་ཀྱི་སྤྱིའི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ཡོད།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་རིང་། ང་ཚོས་ཉམས་མྱོང་རྩ་ཆེན་འཚོལ་ཞིབ་དང་གསོག་འཇོག་བྱས་པ་ནི་ཏང་གིས་ལས་ཁུངས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། མ་བཙུགས་ན་མི་གཏོར་བ་དང་སྔོན་འཛུགས་རྗེས་གཏོར་མཐའ་འཁྱོངས། ལས་ཁུངས་ཀྱི་འགན་ནུས་བཟང་སྒྲིག་ལ་སྐུལ་འདེད་གཏོང་བར་མཉམ་ལས་ནུས་ཆེ་མཐའ་འཁྱོངས། ཀྲུང་དབྱང་དང་ས་གནས་མིག་མངས་འགྲིག་སྐོར་གཅིག་མཐའ་འཁྱོངས། སྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་དང་ཕན་ཚུན་མཐུན་སྦྱོར་མཐའ་འཁྱོངས། བསམ་བློ་ཆབ་སྲིད་ཀྱི་ལས་དོན་སྒྱུར་བཅོས་ཀྱི་རྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མཐའ་འཁྱོངས་བཅས་བྱས་ཡོད། ལག་ལེན་ལས་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་ཇུས་ནི་ཡོངས་སུ་ཡང་དག་པ་ཞིག་དང་། སྒྱུར་བཅོས་ཀྱི་སྒྲིག་འཛུགས་ལག་བསྟར་ནི་སྲ་ཞིང་བརྟན་ལ་ནུས་པ་དང་ལྡན་པ་ཞིག་ཡིན་པ་ལས། ཏང་ཡོངས་ཀྱིས་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཚད་མཐོའི་མཐོང་ཆེན་བྱས་པ་གང་ལེགས་མངོན་པར་ར་སྤྲོད་བྱུང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྩ་འཛུགས་ཀྱི་སྒྲོམ་གཞི་བསྐྱར་འཛུགས་ལེགས་གྲུབ་བྱུང་བ་དང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བྱས་པ་ནི་ཕྱི་ཚུལ་གྱི་གནད་དོན་ཐག་གཅོད་བྱས་པ་ཙམ་ཡིན་པས། ནུས་པ་དངོས་ཐོན་དགོས་ན། ད་དུང་ལས་དོན་འབོར་ཆེན་བསྒྲུབ་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་བཟང་སྒྲིག་དང་མཉམ་ལས་ནུས་ཆེ་བཅས་ལ་སྐུལ་མ་འདེད་གཏོང་བ་ཤུགས་རྒྱག་སར་བྱེད་པ། ལས་ཁུངས་ཀྱི་འགན་འཁྲི་ལེགས་སྒྲིག་བཟང་སྒྲིག་བྱེད་པ་དང་ལམ་ལུགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་གཅིག་གྱུར་ནུས་ལྡན་བྱེད་པ། ཏང་གི་ཡུན་རིང་སྲིད་འཛིན་ནུས་པ་འཛུགས་སྐྱོང་ལ་ཤུགས་རྒྱག་པ་དང་རྒྱལ་ཁབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་གཅིག་གྱུར་ནུས་ལྡན་བྱེད་པ་བཅས་ཀྱིས་ལས་ཁུངས་སྒྱུར་བཅོས་ཀྱི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏང་དགོས། ཏང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་བཀོད་ཇུས་དང་། གཞུང་དོན་ལ་གྲོས་བསྡུར། ལས་ཁུངས་མཐུན་སྦྱོར་བཅས་ཀྱི་གཙོ་གནད་ནི་དོན་ཆེན་སྒྲུབ་པ་དང་། དོན་ཆེན་ལ་གྲོས་བསྡུར། དོན་ཆེན་ལ་དམ་འཛིན་བྱེད་པ་བཅས་རེད། ཏང་གི་ལས་དོན་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་དེར་ཤུགས་རྒྱག་པ། འགན་ནུས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་བཅས་བྱ་དགོས།

    ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་ནི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་གནས་བབ་ཧྲིལ་པོར་བཞག་ནས་ཇུས་འགོད་བྱས་ཏེ་སྐུལ་འདེད་གཏོང་བ་ཞིག་དང་། ང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཐབ་ཇུས་རང་བཞིན་གྱི་གཡུལ་འགྱེད་ཅིག་རེད། ལས་ཁུངས་སྒྱུར་བཅོས་ཀྱིས་བསྐྲུན་པའི་དགེ་མཚན་ལྡན་པའི་ཆ་རྐྱེན་གང་ལེགས་སྤྱད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་་ཟབ་གཏོང་ལ་སྐུལ་འདེད་གཏོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཀྱི་ཕན་འབྲས་གསར་པ་ཟབ་ཏུ་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་རྣམ་པ་གསར་པ་གཏོད་པར་སྐུལ་འདེད་གཏོང་བ་བཅས་བྱ་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཟུང་འབྲེལ་བྱེད་པ་དང་། ཏང་གིས་སྒྱུར་བཅོས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ཀྱི་ཐབས་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་དེར་སྒྱུར་བཅོས་བྱེད་པ། དོན་འཁྱོལ་ལམ་སྲོལ་ལ་སྐུལ་འདེད་གཏོང་བ། ཀྲུང་དབྱང་དང་ས་གནས། སྣེ་ཁྲིད་སྡེ་ཚན་དང་ཐེ་ཞུགས་སྡེ་ཚན། སྒྱུར་བཅོས་གཙོ་བོ་དང་ལེ་ལག་ཚང་བའི་ཇུས་གཞི། སྒྱུར་བཅོས་བྱ་ཐབས་དང་ཁྲིམས་སྐྱོང་འགན་ལེན། ཚོད་ལྟའི་འཚོལ་ཞིབ་དང་ཕྱོགས་སྡོམ་ཁྱབ་གདལ། སྒྱུར་བཅོས་ལས་འགན་ལ་སྐུལ་འདེད་དང་ལས་ཁུངས་ཀྱི་འགན་ནུས་ལེགས་སྒྲིག་བཅས་ཀྱི་ལེ་ལག་ཚང་བའི་མཉམ་འགུལ་ལ་ཤུགས་བརྒྱབ་ནས་སྒྱུར་བཅོས་ཀྱི་བྱ་ཐབས་སྣ་མང་དོན་འཁྱོལ་ཡག་པོ་བྱ་དགོས།།

  • ལེ་ཚན་སྔོན་མ།:ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་རྐྱེན་གཞན་ཞིག་ཤེས་རྟོགས་ཐུབ་ཡོད།
  • ལེ་ཚན་རྗེས་མ།:ཐང་བོད་གནའ་ལམ་རྒྱུད་ཀྱི་ཞིང་ལྗོངས་བདུན་གྱི་རིག་དངོས་འགྲེམས་སྟོན།
  • དོ་སྣང་ཆེ་བའི་རྩོམ།