སི་ཁྲོན་ཁྲང་ཉིང་གི་ས་འགུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་།

        2019-06-20

   

སི་ཁྲོན་ཁྲང་ཉིང་གི་ས་འགུལ་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་།

   སྤྱི་ཟླ6པའི་ཚེས17ཉིན་གྱི་ཆུ་ཚོད22དང་སྐར་མ55སྟེང་སི་ཁྲོན་དབྱི་པིན་གྲོང་ཁྱེར་ཁྲང་ཉིང་རྫོང་དུ་ས་འགུལ་རིམ་པ6.0ཅན་ཞིག་བྱུང་བ་དང་འགུལ་ཁུངས་ལ་གཏིང་ཚད་སྟོང་སྨི16ཟིན་ཡོད་པ་རེད། སི་ཁྲོན་དང་ཁྲུང་ཆིང་། ཡུན་ནན་བཅས་སུ་ས་འགུལ་གྱི་ཚོར་སྣང་ཆེ་པོ་བྱུང་། མིག་སྔའི་བར་ས་འགུལ་ཁྲོད་མི13ཤི་བ་དང་།  མི158ལ་རྨས་སྐྱོན་ཕོག་པ།  མི་ཁྲི14ཙམ་ལ་གནོད་འཚེ་ཕོག་ཅིང་། ཆུ་གློག་དང་།  འགྲིམ་འགྲུལ།  འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་ལའང་གཏོར་སྐྱོན་ཕོག་ཡོད་པ་རེད།  


        ས་འགུལ་བྱུང་རྗེས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།  རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མཛུབ་སྟོན་གལ་ཆེན་གནང་ནས།  གེགས་འགོག་རྒུད་སྐྱོབ་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་སྒྲིག་འཛུགས་བྱས་ཏེ།  མི་འཚོལ་སྐྱོབ་དང་རྨས་མ་མྱུར་སྐྱོབ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་མི་ཤི་རྨས་ཉུང་དུ་གཏོང་དགོས་པ་དང་།  བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ས་གནས་ལ་གཞོགས་འདེགས་བྱས་ནས།  ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་དགོས་པ།  ཚན་རིག་དང་མཐུན་པའི་མྱུར་སྐྱོབ་ལ་དོ་སྣང་བྱས་ཏེ།  ས་འགུལ་གྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་།  ཞོར་སྐྱོན་གནོད་འཚེར་འགོག་ཟོན།  ཆུ་གློག་མཁོ་འདོན་དང་འགྲིམ་འགྲུལ་སྐྱེལ་འདྲེན།  འཕྲིན་གཏོང་འབྲེལ་གཏུག་བཅས་གང་མགྱོགས་སླར་གསོ་བྱས་ཏེ། གནོད་འཚེ་ཕོག་པའི་མང་ཚོགས་ཉེན་གཡོལ་དང་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ།  ད་ཆ་འབྲུབ་དུས་འཁེལ་བས་རྒྱལ་ཡོངས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་བབས་ནས་ཆུ་ལོག་དང་རི་ཉིལ་བ་སོགས་ཀྱི་གནོད་འཚེ་ཐོན་ཏེ། མི་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུན་ཕོག་ཡོད་པས། འབྲེལ་ཡོད་ས་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་བརྟན་པོ་འཛུགས་པ་དང་། འབྲུབ་འགོག་དང་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་གནང་འདུག 

        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ནས། ས་འགུལ་གྱི་གནོད་འཚེའི་གནས་ཚུལ་བརྟག་དཔྱད་ལ་དམ་འཛིན་བྱེད་དགོས་པ་དང་། ཉེན་སེལ་རྒུད་སྐྱོབ་དང་རྨས་མ་སྐྱོབ་བཅོས་ཀྱི་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱེད་དགོས་པ། གཏོར་སྐྱོན་ཕོག་པའི་འགྲིམ་འགྲུལ་དང་འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་ཉམས་བཟོ་བྱེད་དགོས་པ།  དུས་ཐོག་ཏུ་གནོད་འཚེའི་གནས་ཚུལ་དང་རྒུད་སྐྱོབ་ལས་དོན་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་ཏེ། གེགས་ཁུལ་གྱི་སྤྱི་ཚོགས་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས་པ།  ཆུ་བེད་པུའུ་དང་།  འཕྲལ་སྡོམ་པུའུ།  རང་བྱུང་ཐོན་ཁུངས་པུའུ་བཅས་ཀྱིས་འབྲེལ་ཡོད་ས་གནས་ལ་མཛུབ་ཁྲིད་དང་རོགས་རམ་བྱས་ནས། འབྲུབ་དུས་དྲག་ཆར་བབས་པའི་རྐྱེན་གྱིས་ཐོན་པའི་གནོད་འཚེ་སྣ་ཚོགས་ལ་འགོག་ཟོན་དང་ཁ་གཏད་གཅོག་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་འདུག

        ཞི་ཅིན་ཕིང་གི་མཛུབ་སྟོན་དང་ལི་ཁེ་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་པུའུ་དང་རྒྱལ་ཁབ་འཕྲོད་བདེ་ཨུ་ལྷན(རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན)སོགས་སྡེ་ཚན་གྱིས་ལས་དོན་ཚོགས་ཆུང་གེགས་ཁུལ་དུ་བཏང་ནས། གེགས་སེལ་རྒུད་སྐྱོབ་གྱི་ལས་དོན་ལ་མཛུབ་ཁྲིད་བྱས་པ་རེད།  རང་བྱུང་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ་སོགས་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ལ་མཛུབ་ཁྲིད་བྱས་ཏེ། གེགས་ཁུལ་མཐའ་འཁོར་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཆེན་པོ་ཐོན་སར་གྲལ་བཤེར་བྱེད་བཞིན་ཡོད་པ་རེད།  སི་ཁྲོན་ཞིང་ཆེན་དང་དབྱི་པིན་གྲོང་ཁྱེར་གྱིས་ཟམ་པ་རྒྱག་མཁན་དང་། ས་གཤིས་རིགས་གཅིག་མཁས་ཅན། དེ་བཞིན་རྒུད་སྐྱོབ་རུ་ཁག་སོགས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ། རྒུད་སྐྱོབ་ལས་དོན་སྤེལ་བཞིན་ཡོད་ལ།  གུར་དང་།  ཕོ་ཁེབས།  ལྟེབ་ཁྲི་སོགས་རྒུད་སྐྱོབ་དངོས་ཟོག་གེགས་ཁུལ་དུ་དབོར་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་ཛ་དྲག་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།



  • ལེ་ཚན་སྔོན་མ།:ལོ20འདས་རྗེས་རང་རྒྱལ་གྱིས་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་དོ་དམ་སྲོལ་ཡིག་དངོས་སུ་ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:རྒན་གྱའི་བྲག་དཀར་ཕུག་པ་ནི་མིག་སྔའི་བར་ཤེས་རྟོགས་བྱུང་བའི་མཚོ་བོད་ས་མཐོའི་གནའ་དཔྱད་རྗེས་ཤུལ་སྔ་ཤོས་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།