ལོ4ལ་འཁོར་སྐྱོད་བྱེད་མཚམས་ཆད་པའི་བོད་ལྗོངས་འགྲམ་འགག་སྒོའི་ཟོག་འདྲེན་བྱེད་ནུས་སླར་གསོ་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-06-06

   ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ5ཚེས28ཉིན་འབྱོར་བའི་གཏམ་གསར། བོད་རང་སྐྱོང་ལྗོངས་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ5པའི་ཚེས29ཉིན་བོད་ལྗོངས་འགྲམ་འགག་སྒོར་སླར་ཡང་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོ་སྤེལ་བ་རེད། ལོ4ལ་འཁོར་སྐྱོད་བྱེད་མཚམས་ཆད་པའི་འགྲམ་འགག་སྒོའི་ཟོག་འདྲེན་ནུས་པ་བསྐྱར་དུ་སླར་གསོ་བྱས་ཤིང་། མི་སྣ་ཉེན་མེད་འགན་ལེན་བྱ་ཆེད་ད་ལྟ་གནས་སྐབས་ཞིག་ལ་མི་སྣ་སྤྱིར་བཏང་གི་འགྲོ་འོང་དང་མཐའ་མཚམས་ཡུལ་མིའི་བར་གྱི་ཉོ་ཚོང་མི་སྤེལ་བ་རེད།

   ཀྲུང་གོ་དང་ནེ་པ་ལའི་མཐའ་མཚམས་ཀྱི་གཞུང་ལམ་འགག་སྒོ་གལ་ཆེ་ཤོས་ཡིན་པའི་འགྲམ་འགག་སྒོ་ལ་མཚོན་ན། ཀྲུང་གོ་དང་ནེ་པ་ལའི་བར་གྱི་ཉོ་འཚོང་བྱེད་ཚད་བརྒྱ་ཆ90ཡན་གྱི་འགན་འཁུར་བ་དང་། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་བར་གྱི་མཛའ་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་པ་རེད། 2015ལོའི་སྤྱི་ཟླ་བ4པའི་ཚེས25ཉིན་ནེ་པ་ལར་ས་ཡོམ་ཆེན་པོ་བྱུང་བའི་རྐྱེན་གྱིས་འགྲམ་འགག་སྒོ་དང་གཞུང་ལམ། ཟམ་པ་སོགས་ཀྱི་སྒྲིག་བཀོད་ལ་གཏོར་སྐྱོན་ཚབས་ཆེན་ཕོག་ནས་འགག་སྒོ་འཁོར་རྒྱུག་བྱེད་མཚམས་མི་འཇོག་ཀ་མེད་བྱུང་། མིག་སྔར་འགྲམ་འགག་སྒོའི་ས་གཤིས་གནོད་འཚེ་འགོག་བཅོས་དང་། གཞུང་ལམ་སླར་གསོ་བསྐྱར་སྐྲུན། ཆུ་བེད་འགོག་སྲུང་། གློག་ཤུགས་འགན་ལེན། མཉམ་འབྲེལ་ཞིབ་བཤེར་སྒྲིག་ཆས་སླར་གསོ། རྒྱལ་མཚམས་སྒྲོལ་བའི་སྒྲིག་བཀོད་བསྐྱར་སྐྲུན་སོགས་ཀྱི་འགན་ལེན་ལས་དོན་དེ་གཞི་རྩའི་ཐོག་ཟོག་འདྲེན་ནུས་པ་སླར་གསོ་དང་འགག་སྒོ་གསར་སྦོལ་བྱེད་པའི་ཆ་རྐྱེན་འཛོམས་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:ལོ10ཡི་ནང་ཀྲུང་གོའི་དབུལ་སྐྱོར་ཐེབས་རྩ་ལྷན་ཚོགས་ཀྱིས་གཅེས་སེམས་འབོག་སྒྲིག་གི་ལས་གཞི་སྤེལ་ནས་སློབ་ཆུང་སློབ་མ་ཁྲི600ལ་ཕན་པ་ཐོབ།
  • ལེ་ཚན་རྗེས་མ།:ད་ལོ་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་བསྡོམས་འབོར་སྔར་བཞིན་འདང་ངེས་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།