མང་ཚོགས་ཁྲི4ལ་ཉེ་བ་ལི་ཐང་རྩྭ་ཐང་དུ་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་བཞིན་ཡོད།

ཀུན་དགས་བསྒྱུར་ཞུས་བྱས།        2019-05-20

     སྤྱི་ཟླ4པའི་ཚེས30ཉིན་ནས་བཟུང་སྤུས་ལེགས་དབྱར་རྩྭ་དགུན་འབུའི་ཕ་ས་ཞེས་མཚན་སྙན་ཐོབ་པའི་ལི་ཐང་ས་ཆར2019ལོའི་དབྱར་རྩྭ་འགུན་འབུ་རྐོ་བའི་དུས་ཚིགས་དངོས་སུ་བསླེབས་ཡོད་ཅིང་། མང་ཚོགས་སྟོང་ཕྲག་མང་པོས་ལ་ལས་འཕྲུལ་རྟ་བཞོན་པ་དང་འགའ་ཞིག་གིས་འདྲུད་འཐེན་འཁོར་ལོ་དང་རླངས་འཁོར་ཆུང་རིགས་སོགས་བཏང་ནས་གཅིག་རྗེས་གཉིས་མཐུད་ངང་ཧོ་སྙིང་ཤང་སེང་གེ་ལུང་པའི་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་འགྲོ་བཞིན་ཡོད་པ་རེད།

     དབྱར་རྩྭ་དགུན་འབུ་རྐོ་རིང་དུ་མི་གཞན་གྱི་ཐོབ་ཐང་ལག་ཁྱེར་སྤྱད་པ་དང་ལག་ཁྱེར་མེད་ནས་རི་ལ་འཛེགས་པ། གད་སྙིགས་གང་བྱུང་དུ་འཕེན་པ། ཁོར་ཡུག་ལ་གཏོར་བརླག་གཏོང་བ། རྒྱག་རེས་རྒྱག་པ། ཆང་ཁང་བཙུགས་པ། ལག་ཁྱེར་རྫུན་མ་བཟོས་པ། ལྐོག་ཏུ་ས་ཆ་སྒེར་བཟུང་བྱས་པ་སོགས་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལུགས་ཀྱི་ཆད་པ་གཅད་རྒྱུ་ཡིན་པ་རེད། ཧོ་སྙིང་ཤང་ཏང་ཨུའི་ཧྲུའུ་ཅི་དབྱང་ཀང་གིས་ད་ཆ་ལོ་འགའི་ནང་མང་ཚོགས་དང་ཟམ་མི་ཆད་པར་ཉེ་བཅར་བྱས་ཏེ་ཞབས་ཞུ་དོ་དམ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལི་ཐང་རྫོང་གི་ཤང་དང་གྲོང་རྡལ་ཁག་གིས་དབྱར་རྩྭ་དགུན་འབུའི་སྒྲིག་ལམ་ཡག་པོ་སྲུང་ཡོད། ད་ལོ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གོམས་སྲོལ་ལྟར《2019ལོའི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་ཆད་གཅོད་གཏན་འབེབས》པར་འགྲེམས་བྱས་པའི་ནང་སློབ་ཞུགས་སློབ་མས་རྒྱུ་མཚན་མེད་པར་སློབ་མཚམས་འཇོག་པ་ཡིན་ན་སློབ་མ་དེའི་ཁྱིམ་ཚང་ཡོངས་རྫོགས་དབྱར་རྩྭ་དགུན་འབུ་འཐུ་སར་འགྲོ་མི་ཆོག་པར་བྱས་ཡོད་ཅེས་བཤད།

     དབྱར་རྩྭ་དགུན་འབུ་རྐོ་བར་ལག་ཁྱེར་གཉེར་དགོས། སྔོག་བཤེར་འཛིན་ཡིག་དང་ཐོབ་ཐང་ལག་ཁྱེར། མི་གསུམ་གཅིག་མཐུན་ཡིན་དགོས་པས་མ་ཚད་དབྱར་རྩྭ་དགུན་འབུའི་རྐོ་ཡུལ་དང་ཁ་མཐུན་དགོས་པ་མ་གཏོགས་དེ་དག་མ་འཛོམས་ན་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་ཆོག་པ་མ་རེད། ཧོ་སྙིང་ཤང་གླིང་སྐོར་གྲོང་སྡེའི་གྲོང་མི་བསོད་ནམས་རྟ་མགྲིན་གྱིས་ཉིན་འགའི་སྔོན་དུ་ཤང་དང་གྲོང་སྡེ་སོ་སོས་མང་ཚོགས་ཚོགས་ཆེན་འཚོགས་ཏེ་འབྲེལ་ཡོད་གཏན་འབེབས་ལ་སློབ་སྦྱོང་བྱས་པ་རེད། ད་ལྟ་དབྱར་རྩྭ་དགུན་འབུ་རྐོ་དུས་སྔ་ལྟར་མི་འདྲ་བས་གོ་རིམ་དང་སྒྲིག་ལམ་ཡོད་པ་རེད། འདི་ནི་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོར་འགན་སྲུང་ཡག་པོ་བྱས་པའི་མཐར་འབྲས་རེད་ཅེས་བཤད།

     རྒྱུས་ལོན་བྱས་པར་གཞིགས་ན། ལི་ཐང་རྫོང་ནི་སི་ཁྲོན་བོད་ཁུལ་གྱི་དབྱར་རྩྭ་དགུན་འབུའི་ཐོན་ཁུལ་ཆེ་ཤོས་ཡིན་ཞིང་། འདི་ལོར་རྫོང་ཡོངས་སུ་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་གནས130ལྷག་ཙམ་ཡོད། ཁུལ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི4ལྷག་སྤྱི་ཟླ4པའི་ཚེས30ནས་སྤྱི་ཟླ5པའི་ཚེས2ཉིན་གྱི་བར་ཁག་ཐེངས་དབྱེ་ནས་མཆོད་རྟེན་དང་ཚེ་མགོན། དཔོན་སྐོར། ཧོ་སྙིང་ཤང་སོགས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་བྱེད་གནས་སུ་བསྐྱོད་པ་རེད།

རྫོང་རིམ་པའི་ལས་ཁུངས་ཁག་དང་ཤང་དང་གྲོང་རྡལ་ཁག གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་དོན་རུ་ཁག་བཅས་ཀྱིས་དབྱར་རྩྭ་དགུན་འབུ་འཐུ་རིང་གི་བདེ་འཇགས་དོ་དམ་ལས་ཀར་ཆེ་མཐོང་དང་དུས་ཐོག་ཏུ་བཀོད་སྒྲིག་བྱས་ཏེ་སེང་གེ་ལུང་པའི་འགག་སྒོ་ས་ཚུགས་སུ་དོ་དམ་བྱེད་བཞིན་ཡོད་པས་མ་ཚད་རྫོང་ཞིབ་དཔྱོད་ཁང་གིས་མི31བཏང་ནས་དོ་དམ་ཞབས་ཞུ་བྱེད་ཀྱི་ཡོད་པ་རེད།

     བཤད་འོས་པ་ཞིག་ལ་ད་ལོའི་དབྱར་རྩྭ་དགུན་འབུ་འཐུ་རིང་དང་ལྔ་གཅིག་ངལ་གསོའི་དུས་ཚོད་ལ་ཏག་ཏག་ཁེལ་ཡོད་པས་ལི་ཐང་རྫོང་གིས་ཚོང་དོན་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད། སྤྱི་ཟླ5པའི་ཚེས30ཉིན་ལི་ཐང་རྫོང་གེ་སར་ཐང་ཆེན་དུ་དུས་ཡུན་ཉིན་གསུམ་རིང་གི་དངོས་རྫས་ཉོ་ཚོང་བྱེད་སྒོ་སྤེལ་ཡོད་པས་ས་ཕྱོགས་གང་ས་ནས་འོང་པའི་ཡུལ་སྐོར་བ་རྣམས་ཀྱིས་དངོས་རྗས་མང་པོ་ཉོ་སྒྲུབ་བྱས་ཡོད་པ་རེད།།

  • ལེ་ཚན་སྔོན་མ།:ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།
  • ལེ་ཚན་རྗེས་མ།:ཁེ་ལས་ཀྱིས་སྡེ་བར་རོགས་སྐྱོར་བྱས་ནས་དབུལ་ཐར་ལམ་བུ་བཏོད།
  • དོ་སྣང་ཆེ་བའི་རྩོམ།