ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

དབྱངས་ཅན་གྱིས་བསྒྱུར།        2019-05-20

   

ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན།

   ང་ཚོའི་འབྲི་ཏ་ས་འཛིན་ལ་འཚོང་ལམ་མེད་བསམ་ནས་སེམས་ཁྲལ་གཏན་ནས་བྱ་མི་དགོས། ལྟོས་དང་ང་རང་ཚོང་ཁྲོམ་དུ་མ་སླེབས་གོང་དུ་འགྲུལ་པ་ཚོས་འབྲི་ཏ་ས་འཛིན་ཡོད་ཚད་ཉོ་སྒྲུབ་བྱས་ཚར་བ་རེད་ཅེས་ཉེ་ཆར་ཕྱག་ཕྲེང་རྫོང་བཞིན་མགུ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས་རང་གི་སྔོ་ཚལ་དྲོ་ཁང་ནང་གི་ཞིམ་མངར་ལྡན་པའི་འབྲི་ཏ་ས་འཛིན་ལ་ལྟ་ཞོར་དུ་དགའ་སྤྲོས་ཁེངས་ནས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

   ད་ལོར་བསོད་ནམས་ཕུན་ཚོགས་ཀྱིས་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་ནས་ལོ་གཉིས་ཡིན། ན་ལོར་གྲོང་སྡེར་འབྲི་ཏ་ས་འཛིན་ཚོད་ལྟ་འདེབས་འཛུགས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པ་ནས་བཟུང་བསོད་ནམས་ཕུན་ཚོགས་ཀྱིས་གྲོང་མི་ཡོངས་རྫོགས་ཀྱི་སྣེ་ཁྲིད་བྱས་ཏེ་འབྲི་ཏ་ས་འཛིན་ཚོད་ལྟ་འདེབས་འཛུགས་བྱས་ཏེ་ཡོང་འབབ་འཕར་ཐུབ་པ་དང་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་སྐྱེད་བཏང་བ་རེད།

    གྲོང་སྡེར་ཅི་འདྲ་བྱས་ཏེ་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་པ་རེད་ཅེ་ན། 2018ལོར་ཕྱག་ཕྲེང་རྫོང་གིས་ཤང་དང་གྲོང་རྡལ་གྱི་འགོ་དཔོན་དང་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་ཡན་ཡོན་དུ་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་སྐོར་རྟོག་ཞིབ་བྱས་པ་རེད། ཡན་ཡོན་རྫོང་ནི་ཚ་བའི་ས་ཁུལ་དང་དུས་རླུང་དང་བསྟུན་པའི་གནམ་གཤིས་ཡོད་པའི་ས་ཁུལ་ཡིན། ལོ་འཁོར་ལ་དྲོད་ཚད་ཀྱི་ཧེ་བག་ཆུང་བ་དང་ཉིན་མོའི་དྲོད་ཚད་ཀྱི་ཧེ་བག་ཆེ་བ་ནི་ཕྱག་ཕྲེང་གི་གནམ་གཤིས་དང་ཕལ་ཆེར་འདྲ་འདུག ཡུལ་དེར་འབྲི་ཏ་ས་འཛིན་སྐྱེ་འཕེལ་བཟང་བར་མ་ཟད་རིན་གོང་ཆེ་བ་དང་བྲོ་བ་བཟང་བར་བརྟེན། མི་སེར་ཚོས་འབྲི་ཏ་ས་འཛིན་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་པ་རེད། ཆེད་རམས་པས་རྟོག་ཞིབ་དང་དཔྱད་དཔོག་བྱས་པར་བརྒྱུད། ཚང་མས་གཅིག་མཐུན་གྱིས་ཕྱག་ཕྲེང་རྫོང་ལ་ཡང་འབྲི་ཏ་ས་འཛིན་འཛུགས་འཕྲོད་པ་ངོས་འཛིན་བྱས་པ་རེད།

    སྔོན་མར་ང་རང་ཁྱིམ་ནང་གི་ས་ཞིང་ནང་དུ་ཚོད་ལྟ་འདེབས་འཛུགས་བྱེད་ཆོག གལ་སྲིད་དངོས་གནས་འདེབས་འཛུགས་བྱེད་འཕྲོད་ན་སང་ལོར་གྲོང་མི་ཚོ་དང་མཉམ་དུ་འཛུགས་ཆོག་པ་རེད་ཅེས་པ་འདི་ཡན་ཡོན་རྫོང་དུ་འབྲི་ཏ་ས་འཛིན་འདེབས་འཛུགས་བྱས་པའི་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡག་པོ་འདིར་མཐོང་སྐབས། བསོད་ནམས་ཕུན་ཚོགས་ཀྱིས་མ་སྐུལ་དང་བླངས་ངང་རང་ཁྱིམ་གྱི་ས་ཞིང་དེ་ཚོད་ལྟ་འདེབས་འཛུགས་བྱེད་སའི་རྟེན་གཞིར་བྱ་དགོས་པའི་རེ་བ་བཏོན། དེ་ནས་ཁོས་ཡང་དུད་ཚང4ལ་སྐུལ་སློང་བྱས་ཏེ་མུའུ་སྐར་ཆ་གཉིས་ཅན་གྱི་སྔོ་ཚལ་དྲོ་ཁང་ཞིག་བསྐྲུན་པ་རེད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་མ་དངུལ་གྱི་རྒྱབ་སྐྱོར་དང་རྫོང་ཞིང་འབྲོག་ཅུས་ཀྱི་ལག་རྩལ་ཁྲིད་སྟོན་འོག བཞིན་མགུ་གྲོང་སྡེར་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་འགོ་བཙུགས་པ་རེད།

     འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་སྐབས་དྲོད་ཚད་ལ་དོ་སྣང་ཆེན་པོ་བྱ་དགོས་ཀྱི་ཡོད། སྔོ་ཚལ་དྲོ་ཁང་ཁྲོད་ཀྱི་དྲོད་ཚད་ཆེ་དྲགས་ན་དེའི་སྒོ་ཕྱེ་ནས་དྲོད་ཚད་དམའ་རུ་ཕྱིན་ཐུབ་པ་བྱ་དགོས་པ་དང་། དྲོད་ཚད་དམའ་རུ་ཕྱིན་ཆེ་སོང་ན་ཡང་དུས་ཐོག་ཏུ་དྲོད་ཚད་སྲུང་ཐབས་དང་འཕར་ཐབས་བྱ་དགོས། ཐོག་མར་བསོད་ནམས་ཕུན་ཚོགས་ཀྱིས་རྨོ་འདེབས་རགས་ཙམ་བྱེད་པ་ལས་དུས་ཐོག་ཏུ་དྲོད་ཚད་སྙོམས་སྒྲིག་བྱེད་མི་ཤེས་པའི་རྐྱེན་གྱིས་སྔོ་ཚལ་དྲོ་ཁང་ནང་གི་འབྲི་ཏ་ས་འཛིན་གྱི་སྐྱེ་སྟོབས་ཇེ་ཞན་དུ་གྱུར་བ་རེད། རྗེས་སུ་ཞིང་འབྲོག་ཅུས་ཀྱི་ལག་རྩལ་མི་སྣའི་ཁྲིད་སྟོན་འོག བསོད་ནམས་ཕུན་ཚོགས་ཀྱིས་དོ་དམ་ཞིབ་ཕྲ་བྱེད་པར་གཟབ་ནས་ཆུ་འདྲེན་རྒྱུ་དང་། མཁའ་རླུང་ཕོག་རྒྱུ། དྲོད་ཚད་ཚོད་འཛིན་བྱ་རྒྱུ་སོགས་ཀྱི་ཐབས་ཤེས་གསར་པ་སྤྱད་ནས་འབྲི་རྟ་ས་འཛིན་གྱི་སྐྱེ་འཕེལ་ཡག་པོ་བྱུང་བ་རེད།

     ན་ལོར་གྲོང་སྡེར་ཚན་པ་དང་པོའི་འབྲི་ཏ་ས་འཛིན་ཚོང་ཁྲོམ་དུ་འདོན་སྐབས་རྫོང་མཁར་གྱི་ཡུལ་མིས་དེ་མ་ཐག་ཏུ་ཉོས་སོང་བ་རེད། སྐར་ཆ་གཉིས་ཙམ་ཡོད་པའི་ས་ཞིང་ཁྲོད་ཀྱི་འབྲི་ཏ་ས་འཛིན་ལ་སྒོར2000ལྷག་རག་ཐུབ་པ་འདི་བསོད་ནམས་ཕུན་ཚོགས་ཀྱིས་སྔོན་མར་བསམ་ཡང་ཕོད་མ་མྱོང་པ་རེད།

     ད་ལོའི་སྤྱི་ཟླ4པའི་ཟླ་སྟོད་ལ་ཕྱག་ཕྲེང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག་རྫོང་དབུལ་སྐྱོར་གཞུང་ལས་ཁང་གིས་མ་དངུལ་གཏོང་འཇོག་དང་ཞིང་འབྲོག་ཅུས་ཀྱིས་ལག་རྩལ་མི་སྣ་མངགས་པ། ཚན་རྩལ་མི་སྣས་སྤུས་ལེགས་འབྲི་ཏ་ས་འཛིན་གྱི་སོན་མྱུག་མཁོ་འདོན་བཅས་བྱས་ཏེ་བཞིན་མགུ་གྲོང་སྡེའི་གྲོང་མི་ཚོར་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་ཚུལ་བསླབས་པ་རེད།

     ད་ལྟར་ང་ཚོའི་གྲོང་སྡེའི་དུད་ཚང་སོ་སོས་རང་ཉིད་ཀྱི་ས་ཞིང་ཁྲོད་འབྲི་ཏ་ས་འཛིན་འཛུགས་སའི་སྔོ་ཚལ་དྲོ་ཁང་རེ་བཙུགས་ཡོད། སྤྱི་ཟླ4པར་ཚན་པ་དང་པོའི་འབྲི་ཏ་ས་འཛིན་ཚོང་འདོན་བྱེད་འགོ་ཚུགས་ནས་སྒོར་དྲུག་བརྒྱ་ཙམ་རག་ཐུབ་པ་དང་། ང་ཚོས་ཐོན་ལས་འདི་བདམས་ནོར་ཐེབས་མེད་པས་ཚང་མར་ཧུར་སེམས་ཆེ་བ་རེད་ཅེས་འབྲི་ཏ་ས་འཛིན་འདེབས་འཛུགས་བྱེད་མཁན་བློ་བཟང་ལྷ་མོས་དགའ་སྤྲོའི་ངང་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:སྒོག་པ་བཙུགས་ཏེ་འབྱོར་འབྲིང་ལམ་བུར་བསྐྱོད།
  • ལེ་ཚན་རྗེས་མ།:མང་ཚོགས་ཁྲི4ལ་ཉེ་བ་ལི་ཐང་རྩྭ་ཐང་དུ་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།