མཚོ་སྔོན་ཞིང་ཆེན་གྱིས་བྱ་དགའ་དང་ཁ་གསབ་སྤྲད་དེ་ཞིང་འབྲོག་དུད་ཚང་ཁྲི27གྱི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུ།

གངས་སྐྱིད་ཀྱིས་བསྒྱུར།        2019-05-09

   ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཉེ་དུས《ཞིང་ཆེན་ཡོངས་ཀྱི་ཞིང་འབྲོག་མི་དམངས་ཀྱི་སྡོད་རྐྱེན་ལེགས་བཅོས་ཨར་ལས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ལག་བསྟར་འཆར་གཞི》དཔར་འགྲེམ་བྱས་ཏེ། མང་ཚོགས་ཀྱིས་རང་མོས་ངང་མ་དངུལ་གཏོང་འཇོག་བྱེད་པ་དང་། སྲིད་གཞུང་གིས་བྱ་དགའ་དང་ཁ་གསབ་མ་དངུལ་སྤྲོད་པའི་བྱེད་སྟངས་སྤྱད་དེ2025ལོའི་སྔོན་ཞིང་འབྲོག་དུད་ཚང་ཁྲི27གྱི་སྡོད་རྐྱེན་གཞི་རྩའི་ཐོག་ལེགས་བཅོས་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད།

   ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཉེན་ཁང་བཟོ་བཅོས་དང་། འབྲོག་པ་གཞིས་ཆགས་སུ་བཅུག་པ་སོགས་ཨར་ལས་རབ་དང་རིམ་པ་ལག་ལེན་བསྟར་བར་བརྒྱུད་ཞིང་འབྲོག་མི་དམངས་ཀྱི་སྡོད་རྐྱེན་རྒྱུན་མཐུད་དེ་ལེགས་བཅོས་བྱེད་པར་སྐུལ་འདེད་ཤུགས་ཆེན་པོ་བཏང་ཡོད། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྒྱལ་ཁབ་ཀྱིས་མཚོ་སྔོན་བོད་ཁུལ་ལ་རིམ་རྩིས་བྱས་ན་ཞིང་འབྲོག་མི་དམངས་ཀྱི་སྡོད་རྐྱེན་ལེགས་བཅོས་བྱེད་པར་མ་དངུལ་སྒོར་དུང་ཕྱུར167བཏང་སྟེ་མཚོ་སྔོན་བོད་ཁུལ་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཆུ་ཚད་མཐོ་རུ་ཆེས་ཆེར་ཕྱིན་ཡོད།

    མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཉེ་དུས་འཆར་གཞི་དཔར་འགྲེམ་བྱས་ཏེ་སྲིད་གཞུང་གིས་ཚད་གཞི་དང་བསྡུར་ཚད་ལྟར་བྱ་དགའ་དང་ཁ་གསབ་རོགས་དངུལ་སྤྲོད་པ་དང་མང་ཚོགས་ཀྱིས་རང་མོས་ངང་མ་དངུལ་གཏོང་འཇོག་བྱེད་སྟངས་སྤྱད་དེ་རང་ཉིད་ཀྱི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུའི་རེ་འདོན་ཡོད་མཁན་ཞིང་འབྲོག་དམངས་ཀྱིས་སྔར་ལས་ལྷག་པར་སྡོད་རྐྱེན་ལེགས་བཅོས་བྱེད་པར་རོགས་རམ་བྱ་རྒྱུ་ཡིན་པ་གསལ་པོར་བཏོན་ཡོད། ཨར་ལས་ལག་ལེན་བསྟར་བའི་དུས་ཚོད་དམིགས་སུ་བཀར་ནས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་དང་། ཤང་དང་གྲོང་རྡལ་ཡོད་སའི་གྲོང་ཚོ། དཔལ་འབྱོར་གྱི་ཆ་རྐྱེན་དང་སྐུལ་ཁྲིད་བྱེད་ནུས་ཆེན་པོ་ཡིན་པ། མང་ཚོགས་ཞུགས་པའི་རེ་འདུན་ཇེ་དྲག་བཅས་ཡིན་པའི་གྲོང་ཚོའི་འབྲོག་དམངས་ཀྱི་སྡོད་རྐྱེན་ལེགས་བཅོས་བྱེད་པའི་འཆར་གཞི་བཞག་པ་རེད།

    འཆར་གཞི་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་ཟླ་བ4པའི་ཚེས27ཉིན་སྔོན་དུ་ཚོད་ལྟ་ལས་ཀ་སྤེལ་ནས་ད་ལོའི་ལོ་ཁྲོད་དུ་ཞིང་འབྲོག་མི་དམངས་དུད་ཚང་ཁྲི3གྱི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུ་དང་། གྲོང་ཚོ110ལྷག་གི་རྣམ་པ་མཛེས་བཟོ་བྱ་རྒྱུ། 2020ལོ་ནས་འགོ་ཚུགས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་ལོ་རེར་ཞིང་འབྲོག་དུད་ཚང་ཁྲི4ཡི་སྡོད་རྐྱེན་ལེགས་བཅོས་བྱ་རྒྱུའི་ཨར་རྒྱག་ལེགས་གྲུབ་བྱས་ཏེ2025ལོར་སླེབས་དུས་ཞིང་འབྲོག་དུད་ཚང་ཁྲི27ཚང་མའི་སྡོད་རྐྱེན་གཞི་རྩའི་ཐོག་ལེགས་བཅོས་བྱ་རྒྱུ། གྲོང་ཚོ1000ཡི་རྣམ་པར་འཕོ་འགྱུར་ཆེན་པོ་ཡོང་བ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་ནད་པས་སྨན་པ་བསྟེན་སྟངས་དེ་བས་ལུགས་མཐུན་བྱུང་བ།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ལྷ་མོའི་ཟློས་གར་རིགས་བཤེར་ལས་དོན་ཡོངས་སུ་གྲུབ།
  • དོ་སྣང་ཆེ་བའི་རྩོམ།