མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

རྡོར་བྷོ།        2019-03-26

  མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

      བསླབ་པའི་ཡོན་ཏན་གྲངས་མང་བསམ་ཡས་ཀྱང་།།

      འབྲི་ཀློག་གཉིས་ནི་ཡོན་ཏན་གཞི་མ་ཡིན།།

      མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག།

      སྐྱིད་པོ་བྱས་པའི་ལོ་པཎ་རྒྱ་བོད་མེད།།

སྤྱི་ལོ༢༠༡༩ལོའི་ཟླ༣ཚེས༢༡ཉིན་ངོས་འཛིན་གསར་བ་དང་ལམ་བུ་གསར་བ་ཞིག་གི་ཆེད་དུ། ངེད་མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་ཉིན་བཟང་བསྐལ་བཟང་གི་ཉི་མ་ཞིག་གི་མགོ་བཟུང་ནས་སློབ་གཙོ་བདེ་སྐྱིད་གཡང་འཛོམས་ལགས་ཀྱི་བླ་མེད་ཐུགས་ཁུར་དང་སྣེ་ཁྲིད་འོག་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཡོངས་ཀྱིས་གཙོ་སྒྲུབ་མཛད་དེ། ༼མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ༽ཞེས་པའི་དགེ་སློབ་ཐམས་ཅད་ཀྱིས་རང་ཚུགས་དང་མཁྱེན་རྒྱ་སྔར་ལས་ཡར་རྒྱས་གོང་འཕེལ་ཡོང་ཆེད་དུ།  ཉི་འོད་ཆེམ་ཆེམ་དང་སྤྲོ་བ་ལྷང་ལྷང་གི་ཀློང་ནས་རི་སྒང་མཐོ་ས་དང་མཁའ་དབུགས་གཙང་སའི་བཞག་མོའི་རི་འདབས་སུ། དཔེ་ཀློག་གི་གདངས་དབྱངས་སྙན་མོ་དང་རེ་སྨོན་གྱི་སྨྱུ་གུ་འབུས་སའི་འོད་སྣང་དང་ལྷན་ཏུ།  ཆར་ཆུ་དང་བུ་ཡུག  ཙག་རླུང་སོགས་གང་ལ་འཕྲད་ཀྱང་སྤོབས་པ་དང་ང་རྒྱལ་གྱི་མགོ་འཕང་བཏེགས་ནས་ང་ཚོས་མཉམ་དུ་དཔུང་བ་མཉམ་གཤིབ་དང་རྡོག་རྩ་གཅིག་སྒྲིལ་གྱིས་དཔེ་ཀློག་གི་ལམ་ལ་འབུད་རྒྱུའི་ཆོད་སེམས་བརྟན་པོ་བཅངས།


མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།


     དེ་རིང་ནས་འགོ་བཟུང་སྟེ་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་འོག་ཟླ་རེའི་ཚེས་བཅོ་ལྔའི་དུས་ཆེན་གྱི་རྟེན་འབྲེལ་དང་བསྟུན་ནས་སློབ་མའི་ཉིན་གུང་གི་ཆུ་ཚོད་གཅིག་དང་ཕྱི་དྲོའི་ཆུ་ཚོད་ཕྱེད་ཀ་བེད་སྤྱད་དེ། བོད་ཡིག་ཁོ་ནའི་ལམ་ནས་སློབ་བུ་རྣམས་ལ་བསླབ་ཕྱིའི་དཔེ་དེབ་བཀླག་པའི་གོམས་གཤིས་ཆགས་སུ་འབད་པར་མ་ཟད། སློབ་བུ་རྣམས་ལ་དཔེ་ཀློག་གི་ཡིག་འབྲུ་ལས་ཐོས་བསམ་བློ་འབྱེད་རེ་ཐེབས་རྒྱུ་ནི་ཐེངས་འདིའི་དཔེ་ཀློག་གི་དམིགས་ཡུལ་དང་ལམ་ཕྱོགས་གཙོ་བོ་ཡིན།


མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

     དཔེ་ཆ་ཀློག་པ་ནི་ལུང་ཁུག་འདི་ནས་ང་ཚོས་ཕྱི་རོལ་འཇིག་རྟེན་དང་ཤེས་བྱ་མཐོང་བའི་དྲྭ་སྒོ་ཡིན། དཔེ་ཆ་ཀློག་པ་ནི་རི་འདབས་འདི་ནས་ང་ཚོ་རི་མགོ་རུ་འཛེག་པའི་སྤོབས་པ་ཡིན། དཔེ་ཆ་ཀློག་པ་ནི་སློབ་གྲྭའི་ར་བསྐོར་ནས་ང་ཚོས་ཕྱི་རོལ་ཏུ་འབྲེལ་འདྲིས་བྱེད་པའི་བརྡ་འཕྲིན་ཡིན། དཔེ་ཆ་ཀློག་པ་ནི་མེས་པོའི་བློ་གྲོས་དང་ལོ་རྒྱུས་རྟོགས་སད་ཀྱི་ཤེས་རབ་ཡིན། དཔེ་ཆ་ཀློག་པ་ནི་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བའི་གནད་འགག་གཙོ་བོ་ཡིན། དཔེ་ཀློག་མེད་པའི་མི་ནི་ལོང་བ་ལྟར་ལྟ་རྒྱ་མཐོང་རྒྱ་མེད་ལ། ལུང་ཁུག་འདི་ནས་ཕྱི་རོལ་ཏུ་བསྐྱོད་པའི་སྙིང་སྟོབས་ཀྱང་མེད།  དེའི་རྐྱེན། སློབ་གྲྭའི་དབུ་ཁྲིད་དང་བོད་ཡིག་དགེ་རྒན་རྣམས་ཀྱིས་དཔེ་ཀློག་གི་ཡང་སྙིང་དང་གལ་ཆེའི་ཆོས་ཉིད་རྟོགས་ནས།  མོས་པ་གཅིག་མཐུན་གྱིས་བསླབ་ཚན་གྱི་དྲྭ་རྒྱ་ལས་སྒྲོལ་ཏེ། དགེ་སློབ་ཡོངས་ལ་ཟླ་རེ་ཉིན་གཅིག་ལ་སློབ་ཕྱིའི་དཔེ་ཆ་བལྟ་བའི་གོ་སྐབས་སྐྲུན་པར་མ་ཟད། རང་གིས་བལྟས་པའི་དཔེ་ཆ་གང་དེར་དཔེ་ཀློག་གི་མྱོང་ཚོར་འབྲི་བའི་འཆར་གཞི་བཀོད། དེས་དགེ་སློབ་རྣམས་ཀྱི་རྣམ་དཔྱོད་སྔར་ལས་མྱུར་ཞིང་མཐོང་རྒྱ་སྔར་ལས་ཡངས་པའི་དམིགས་འབེན་དུ་གཞོལ།


མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།


      ང་ཚོ་དགེ་སློབ་ཚང་མ་དཔེ་ཀློག་ལ་དགའ་བའམ་དཔེ་ཆ་དང་འགྲོགས་དགོས། དཔེ་ཆ་དང་མཉམ་འགྲོ་མཉམ་འདུག་གི་འདུ་ཤེས་སྐྱེད་སྲིང་བྱེད་དགོས་པར་མ་ཟད། དཔེ་ཆ་ནི་རང་ལ་ལྟ་བའི་མེ་ལོང་དང་ཕྱི་རུ་ལྟ་བའི་མིག་ཟུང་བཞིན་ངོས་འཛིན་གསལ་བོ་ཡོད་དགོས།  དཔེ་ཆས་ང་ཚོ་ལ་དགོས་འདོད་ནོར་བུའི་ཤེས་བྱ་སྦྱིན་ངེས། དཔེ་ཆས་ང་ཚོ་ལ་འཛད་མེད་གསེར་གྱི་རྣམ་དཔྱོད་གནང་ངེས། ནམ་རྒྱུན་དཔེ་ཆ་ལག་ཏུ་འཇུས་ནས་དཔེ་ཀློག་བྱེད་རྒྱུ་ནི་ང་ཚོ་དགེ་སློབ་ཚང་མ་ཤེས་བྱའི་རྒྱ་མཚོ་རུ་བསྐྱོད་ཐུབ་པའི་གྲུ་གཟིངས་ཡིན། ཚང་མས་དཔེ་ཆ་དང་དཔེ་ཀློག་གི་ཁ་ཐག་ཉེ་བར་བཏུད་དེ་འཛམ་གླིང་ཡོངས་ཀྱི་རིག་གནས་ཀྱི་ཉིང་བཅུད་ཧུབ་ཀྱིས་བཞེས་རོགས་གནོངས།


མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་ཐོས་བསམ་བློ་འབྱེད་ཀྱི་དཔེ་ཀློག་ཉིན་མོ།

སློབ་རའི་གསར་འགོད་པ། རྡོར་བྷོ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱིས་བྲག་འགོ་རྫོང་གི་དབུལ་ཐར་འགག་སྒྲོལ་ལས་ཀར་ཆེད་དོན་བརྟག་ཞིབ་བྱས།
  • ལེ་ཚན་རྗེས་མ།:གཞས་ཀྱི་ཆོལ་ཁ་འབའ་ཐང་གི་འཕེལ་རིམ་གྱི་མཆོར་ཉམས།
  • དོ་སྣང་ཆེ་བའི་རྩོམ།