གནས་མཆོག་དཀར་མཛེས་མཛེས་སྡུག་གི་ཁྱིམ་གཞིས།

དབྱངས་ཅན་གྱིས་བསྒྱུར་ཞུས་བྱས།        2019-02-22

གནས་མཆོག་དཀར་མཛེས་མཛེས་སྡུག་གི་ཁྱིམ་གཞིས།


རང་ཁུལ་གྱིས་བོད་ས་མོ་ཕག་ལོ་ཤར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་ཀྱི་ཟུར་བྲིས། 


བོད་ས་ཕོ་ཁྱི་ལོར་གཡུར་ཟའི་གྲུབ་འབྲས་ཐོབ་ཅིང་ས་མོ་ཕག་ལོར་ཡང་དུ་འབད་བརྩོན་བྱེད། ལོ་རེ་བཞིན་དུ་འབད་པ་ཆེར་སྐྱེད་བྱས་ནས་མཆོང་བརྒལ་འཕེལ་རྒྱས་ཡོང་བར་བསུ་མ་བྱེད། ལོ་ཟླའི་འགྲོས་དང་བསྟུན་ནས་ཡང་དུ་དཔྱིད་དཔལ་གསར་བཞད་ཀྱི་དུས་ཆེན་ལ་བསླེབས། 2019ལོའི་སྤྱི་ཟླ་དང་པོའི་ཚེས31ཉིན་གྱི་དགོང་མོར་རང་ཁུལ་གྱིས2019ལོ་སྟེ་བོད་ས་མོ་ཕག་ལོ་ཤར་བར་ལྷན་འཛོམས་ཀྱིས་རྟེན་འབྲེལ་ཞུ་བའི་རིག་རྩལ་དགོང་ཚོགས་དེ་དར་མདོ་མི་རིགས་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་སྤེལ་བ་རེད།

གནས་མཆོག་དཀར་མཛེས་མཛེས་སྡུག་གི་ཁྱིམ་གཞིས་ཞེས་པས་བརྗོད་དོན་གཙོ་བོར་བྱས་པའི་རིག་རྩལ་དགོང་ཚོགས་དེ《ང་ཚོས་འཚོ་བ་གསར་པར་བསྟོད་གླུ་འབུལ》ཞེས་པའི་ཞབས་བྲོ་ནས་འགོ་ཚུགས་པ་དང་། དགོང་ཚོགས་དེ《དཔྱིད་དཔལ་གསར་བཞད་ལ་བསྟོད་གླུ་འབུལ》དང་། 《ལོ་གསར་པར་རྟེན་འབྲེལ་ཞུ》《དུས་རབས་གསར་པའི་ཉམས་འགྱུར》བཅས་ལེ་ཚན་གསུམ་ལ་བགོས་ཤིང་། མཐར《འོད་སྟོང་འབར་བའི་ལམ་ཕྱོགས་སུ་གོམ་ཁ་བསྒྱུར》ཞེས་པའི་གླུ་བྲོས་མཇུག་བསྡུས་པ་དང་། ཁྱོན་བསྡོམས་ལེ་ཚན11གིས་དཔྱིད་གསར་བུ་མོ་བསུ་བ་དང་ཆབས་ཅིག་མི་བརྒྱའི་དགའ་བའི་བསམ་པ་དང་དུས་རབས་ཀྱི་སེམས་སྒྲ་ཡང་མངོན་པར་མཚོན་པ་རེད།

དཀར་མཛེས་གླུ་གར་ཚོགས་པས་གེ་སར་གཏམ་རྒྱུད་ལ་བརྟེན་ནས་གསར་འདོན་བྱས་པའི་《གེ་སར་སྒྲུང་མཁན》ཞེས་པའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་ལེ་ཚན་གྱིས་གཟིགས་མོ་བ་རྣམས་ཀྱི་མིག་དབང་རབ་ཏུ་འཕྲོག་པ་རེད། སྡེ་དགེ་རྫོང་དམའ་རིམ་སློབ་འབྲིང་གི་ན་ཆུང་གཞོན་ནུའི་འབྲས་དཀར་འཁྲབ་སྟོན་ལེ་ཚན《བཀྲ་ཤིས་པའི་བསྟོད་གླུ་འབུལ》ཞེས་པ་ལས་མི་རབས་རྗེས་མའི་སྐྱེ་སྟོབས་མངོན་ཞིང་གཟིགས་མོ་ཚོས་དགའ་བའི་ཐལ་སྒྲ་ཡང་ཡང་བརྡེབས། སྤྲོ་སེམས་རབ་ཏུ་འཁོལ་བའི་གྱེར་འདོན་དང་། རིན་ཆེན་ཕྲེང་བརྒྱུས་ལྟར་མཉམ་དུ་སྡེབ་པའི་རོལ་དབྱངས། 《ཁ་ཆད་ལྟར་དཀར་མཛེས་ཁུལ་མེས་རྒྱལ་དང་མཉམ་དུ་སྐྱོད》ཅེས་པའི་འཁྲབ་སྟོན་གྱིས་ཡུལ་དེར་ཡོད་པའི་གཟིགས་མོ་བ་རྣམས་ཀྱི་མིག་དབང་འཕྲོག་ཅིང་དར་རྒྱས་འགྲོ་བཞིན་པའི་ཀྲུང་ཧྭ་ལ་མྱོང་ཚོར་ཟབ་མོ་ལོན་ནས་བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བྱེད་བཞིན་པ་རེད། གླུ་གཞས་མཉམ་ལེན་བྱེད་པའི《ལོ་ཟླའི་ཆུ་རྒྱུན》ནས་དུས་རབས་མི་འདྲ་བའི་འཐུས་ཚབ་རང་བཞིན་གྱི་གླུ་གཞས་ཐོག་ནས་དཀར་མཛེས་ཁུལ་གྱི་བུ་དང་བུ་མོ་ཚོ་མེས་རྒྱལ་ལ་དགའ་བ་དང་། ཕ་ཡུལ་ལ་དགའ་བ། ཏང་གི་བཀའ་དྲིན་དྲན་པ། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བརྩེ་སེམས་ཟབ་མོ་མཚོན་ཡོད་པ་རེད། ཁུལ་གླུ་གར་ཚོགས་པ་དང་བྲག་འགོ། རོང་བྲག སྡེ་དགེ། འབའ་ཐང་སོགས་རྫོང་གི་སྒྱུ་རྩལ་ཚོགས་པས་མཉམ་དུ་འཁྲབ་པའི《བདེ་སྐྱིད་ཀྱི་ཁྱིམ་ཚང་ཆེན་པོ》ཞེས་པའི་འཁྲབ་སྟོན་ལེ་ཚན་ཁྲོད་དུ་རྒྱ་རིགས་ཀྱི་གླུ་གར《མེས་རྒྱལ་ལ་བཀྲ་ཤིས་སྨོན་འདུན་ཞུ》ཞེས་པ་དང་། བོད་པའི་ཞབས་བྲོ《ཕྱུགས་རྫི》 སོག་པོའི་ཞབས་བྲོ《གཉེན་ཉེ་སྐྱེལ་བ》དབྱིས་རིགས་ཀྱི་ཞབས་བྲོ《དབྱིས་རིགས་ཀྱི་བརྩེ་སེམས》 ཧུའེ་རིགས་ཀྱི་ཞབས་བྲོ《མེ་ཏོག》སོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡོང་བའི་བརྗོད་དོན་ཆེན་པོ་མཚོན་ནས། རང་ཁུལ་གྱི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པར་ངར་ཤུགས་སློང་བ་རེད།

དགའ་བའི་གླུ་དབྱངས་དང་སྐྱིད་པའི་ཞབས་བྲོ་འཁྲབ་ནས་ཁམས་པའི་སྒྱུ་རྩལ་རིག་གནས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་གོམས་སྲོལ་མངོན་ཐུབ་པ་དང་། དགའ་སྤྲོ་དང་འཆམ་མཐུན་གྱི་རྣམ་པ་ཁྲོད་དུ་མཛེས་སྡུག་ཡིད་དབང་འཕྲོག་པའི་དཀར་མཛེས་ཁུལ་ལ་བཀྲ་ཤིས་པའི་རྟེན་འབྲེལ་བཟང་པོ་ཕུལ་བ་རེད། མཐར་འོད་སྟོང་འབར་བའི་ཕྱོགས་སུ་གོམ་ཁ་བསྒྱུར་ཞེས་པའི་འཁྲབ་སྟོན་ཆེན་པོ་འཁྲབ་ནས་བདེ་བླག་ངང་དགོང་ཚོགས་ཀྱི་མཇུག་བསྒྲིལ་བ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་ནས་བསྟན་པ་ཕྱི་དར་གྱི་བྲག་བརྐོས་རི་མོ་ཞིག་གསར་དུ་རྙེད།
  • ལེ་ཚན་རྗེས་མ།:རང་ཁུལ་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ལྔ་པ།
  • དོ་སྣང་ཆེ་བའི་རྩོམ།