གནས་ཆེན་ཀཾ་པོ་གངས་དཀར་གྱི་ལོ་རྒྱུས་མདོར་བསྡུས།

ལི་ཐང་བེ་མདའ།        2019-01-28

༡.དེ་ཡང་བོད་གངས་ཅན་ལྗོངས་དང་ལྷག་པར་མདོ་ཁམས་སྤོ་འབོར་སྒང་གི་གནས་ཆེན་ཀཾ་པོ་གངས་དཀར་རི་བོ་ནི། ས་ཡི་དགེ་བཅུ་མ་ཚང་པ་མེད་ཅིང་། མཛེས་སྡུག་གི་ཁོ་ལག་ཡོངས་སུ་རྫོགས་པའི་དྭངས་གཙང་གི་ཡུལ་གྲུ་མཆོག་ཏུ་གྱུར་པ། ཁམས་ལི་ཐང་གི་ས་ཁུལ་དུ་ཡོད་ཅིང་། དེ་ཡང་ཡོངས་གྲགས་སམ་ཡུལ་འདི་གའི་སྐྱེ་བོ་རྒན་གཞོན་ཀུན་གྱི་ངག་རྒྱུན་དུ་སྒམ་པོ་གངས་དཀར་ཞེས་ཡོངས་སུ་གྲགས་པ་བཞིན་དུ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ། རྗེ་མི་ལ་རས་པ་མཆོག་གི་ཐུགས་སྲས་བསོད་ནམས་རིན་ཆེན་ནམ་མཉམ་མེད་དྭགས་པོ་ལྷ་རྗེ་མཆོག་ལ་མགུར་འདི་ལྟར་བླངས་པ་ནས་ཀྱང་ཤེས་སོ།།

ཤར་སྒམ་པོ་གངས་ཀྱི་རི་བོ་དེ།། རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ།། རྩེ་མོ་རིན་ཆེན་པྲོག་ཞུ་འདྲ།། རྒྱབ་རི་དར་དཀར་ཕྱར་བ་འདྲ།། མདུན་རི་རིན་ཆེན་སྤུངས་པ་འདྲ།། རི་བདུན་བློན་པོས་འདུད་པ་འདྲ།། རི་དེ་ཡི་མགུལ་ན་གདུལ་བྱ་ཡོད།། ཁྱོད་དེ་རུ་སོང་ལ་འགྲོ་དོན་སྒྲུབས།། ཞེས་སོགས་སྐྱེས་ཆེན་དུ་མའི་ལུང་བསྟན་དུ་ཚིག་གིས་ཟིན་ཅིང་། ཞབས་ཀྱིས་བཅགས་མྱོང་བའི་གངས་རི་འདི་ནི་ཕྱི་ལ་རི་དབང་ལྷུན་པོར་འགྲན་བཟོད་པའི་གངས་དཀར་ཤེལ་གྱི་ཅོད་པན་རབ་ཏུ་མཐོ་བས་རི་ཕྲན་སྟོང་ཕྲག་དུ་མ་ཟིལ་གྱིས་མནོན་ཅིང་། ཕྱོགས་མཚམས་གངས་ཀྱིས་བསྐོར་ཅིང་སྤྲིན་དཀར་མགུལ་དུ་བཏགས་པ། དབྱིབས་ལ་བཀྲ་ཤིས་རྟགས་བརྒྱད་སོགས་དགེ་མཚན་ཁྱད་པར་ཅན་དུ་མས་སྤྲས་ཤིང་། གནས་འདིའི་མཐའ་གྲུ་ཀུན་ཏུ་འཚེ་མེད་སྲོག་ཆགས་སྟོང་གི་རྩེད་འཇོའི་གླུ་དབྱངས་སྙན་ཞིང་འཇེབས་པས་མཇལ་བ་ཁྲི་ཕྲག་གི་ཐུགས་ངལ་སྐད་ཅིག་ཉིད་ལ་སོས་པར་འགྱུར་ལ། དེ་ཡང་གནས་འདིའི་མིང་ལ་ཀཾ་པོ་གནས་ཞེས་བྱ་བ་ཡང་བདག་ཅག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེའི་མདོ་སྡེ་ཕལ་མོ་ཆེ་ལས། ཡུལ་ཀཾ་པོ་ཙ་ཞེས་བྱ་བ་ན་སྔོན་བྱང་ཆུབ་སེམས་དཔའ་བཞུགས་པའི་གནས་བྱམས་པས་འཕགས་ཞེས་བྱ་བ་ཡོད་དོ།། ཞེས་གསལ་བར་བཀའ་བསྩལ་བ་ཡིན་ལ། དེ་ཡང་ཀཾ་པོ་ཞེས་པའི་མིང་འདི་ནི་འདི་ལྟར་བྱུང་བ་ཡིན་པ་འདྲ་སྟེ། བཀའ་བརྒྱུད་མར་མི་དྭགས་གསུམ་གྱི་ཡ་གྱལ་མཉམ་མེད་དྭགས་པོ་ལྷ་རྗེ་ཚང་གི་ཐུགས་སློབ་སྟེ་བོད་ཀྱི་ཡུལ་འདིར་ཞྭ་ནག་གི་ཅོད་པན་འཆང་བ། ཀརྨ་པའི་མཚན་མངའ་བའི་སྐུ་ཕྲེང་ཐོག་མ་སྟེ། ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་གནས་འདིར་གྲུབ་པ་བརྙེས་པའི་ཚུལ་བསྟན་པ་དང་གནས་འདིའི་ཕུ་ན་ཡང་ཀཾ་ཡིག་ཐིག་ལེས་བརྒྱན་པ་རང་བྱོན་དུ་ཡོད་པས་གནས་འདི་ལ་ཀཾ་པོ་གནས་ཞེས་བྱ་བར་འདོད་དོ།།

༢.དེ་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པ་མཆོག་གིས་ཐུགས་སློབ་རབ་བྱུང་ངུར་སྨྲིག་གི་སྡེ་ཡི་གྲལ་མགོ་འཛིན་པ། དྭགས་པོ་ཟླ་འོད་གཞོན་ནུ་འམ་མཉམ་མེད་དྭགས་པོ་ལྷ་རྗེ་མཆོག་ལ་གནས་འདིར་ཕེབས་དགོས་ཚུལ་གྱིས་ལུང་བསྟན་མཆིས་ཀྱང་སྐུ་ན་རབ་ཏུ་བགྲེས་པས་གནས་འདིར་ཕེབས་མ་ཐུབ་ཀྱང་ཁོང་ལ་སློབ་མ་ནམ་མཁའི་སྐར་ཚོགས་ལྟར་བགྲང་ལས་འདས་པའི་ཁྲོད་ནས་རྗེ་ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་ལ་ཁོང་གིས་ཞལ་ནས། ང་ཁམས་པ་སེ་བོ་ཁྱོད་ལ་རེ་ཆེ་བ་ཡིན་ཞེས་ཡང་དང་བསྐྱར་དུ་ནན་གྱིས་གསུངས་པས་ཀརྨ་དུས་གསུམ་མཁྱེན་པ་མཆོག་གིས་བཀའ་བརྒྱུད་ཀྱི་བསྟན་པ་གཏོད་པར་མཛད་ལ། སྒྲུབ་པ་ཁམས་སུ་བྱོན་ཞེས་གསུངས་པ་ལྟར་ཁམས་ཀྱི་ཀཾ་པོ་གནས་འདིར་ཕེབས་ནས་སྒྲུབ་པ་མཛད་དེ་མཆོག་གི་དངོས་གྲུབ་བརྙེས། རྟོགས་ལྡན་གྱི་སློབ་བུ་བརྒྱ་ཕྲག་དུ་མ་བསྐྱངས་ནས་གནས་འདིར་གདན་ས་ཐོག་མ་བཏབ།

༣.དེ་ཡང་ཀཾ་པོ་གནས་འདིའི་ཕྱི་ནང་གི་གནས་ཁྱད་པར་ཅན་རྣམས་ནི་གདུལ་བྱ་ལས་སྣང་མ་དག་པའི་ངོ་བོར་བཤད་ན་ཧ་ཅང་བློ་ཡུལ་དུ་ཤོང་དཀའ་བ་ཞིག་དང་།བདེན་དུ་འཛིན་དཀའ་བའི་ཚོད་ཅིག་ཡིན་ཀྱང་དེ་དག་ནི་དོན་དངོས་ལས་གཞན་དུ་མི་གདའ་བས་འདི་རུ་ཉུང་ཙམ་གླེང་བར་བྱས་ན།དེ་ཡང་གནས་འདི་ནི་སྤྱིར་ན་དཔལ་འཁོར་ལོའི་སྡོམ་པའམ་བདེ་མཆོག་གི་གནས་ཞེས་བྱ་ལ་གནས་འདིར་སྔོན་བྱོན་དམ་པ་མང་པོས་སྐུ་ཚེ་སྒྲུབ་པ་ལ་གཞོལ་བའི་རྣམ་ཐར་གསེར་རིའི་ཕྲེང་བ་མཚར་དུ་དངར་བས་གནས་འདི་ནི་སྤྱིར་ཆོས་འཇུག་སྐྱེ་བོ་ཀུན་དང་ལྷག་པར་ཟབ་དོན་སྒོམ་པའི་གནས་སུ་ལེགས་ཞེས་སྐྱེས་ཆེན་དུ་མའི་གསུང་དུ་ཧ་ཅང་གསལ་བས་སོ།།

དེ་ཡང་གནས་འདིའི་མདུན་དུ་དུས་དང་དུས་སུ་མེ་ཏོག་དཀར་དམར་གྱི་མཆོད་པ་བཤམས་ཞིང་།ཉམས་དགའ་བའི་རི་ཕྲན་སྟོང་ཕྲག་གིས་མཐའ་ནས་བསྐོར་བ།དྭངས་ཤིང་གཙང་བའི་མཚོ་དང་མཚེའུ་བརྒྱ་ཕྲག་རྨ་བྱའི་སྒྲོ་མདངས་ལྟར་མཛེས་པ།གནས་འདིའི་སྒོ་སྲུང་ལྟ་བུ་ལ་རྒྱལ་ཆེན་སྡེ་བཞི་བྲག་རིའི་ཚུལ་དུ་བཞུགས་ཤིང་།དེའི་སྟེང་དུ་འཇིག་རྟེན་སྐྱོང་བ་བཞིས་གནས་ལ་མཎྡལ་ཕུལ་བའི་ཚུལ་དུ་ནེའུ་གསེང་སྤང་ལྗོངས་ཉམས་དགའ་ཞིང་ནགས་ཚལ་ཚོམ་བུ་བཀོད་པའི་རྣམ་པ་ཡོད།མདོར་ན་ནགས་ཚལ་དང་མཚོ་མོ།ནེའུ་གསེང་དང་རྫ་རི་སོགས་ཀྱི་མཐའ་ནས་བརྒྱན་པའི་གནས་འདི་ནི་བྱིན་རླབས་ཁྱད་པར་ཅན་འདི་ལྟ་བུ་ཡོད་དེ།ལྷ་ཁྱིམ་བྲག་གི་གནས་ཕུག་ཅེས་བྱ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་དང་།གུ་རུའི་ཆོས་གཏེར་བཞུགས།

༤.དེར་སྔོན་རྒྱ་བཟའ་ཀོང་ཇོ་ཡིས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་གདན་དྲངས་ནས་བྱོན་པའི་དུས་སུ་ཡུན་རིང་དུ་བཞུགས་པར་གྲགས་པ།ཆུ་ཡི་ཕར་ཁའི་དུང་དཀར་ཐང་གི་དཀྱིལ་སྟོད་ན་ཀརྨ་པ་རང་བྱུང་རྡོ་རྗེ་མཆོག་ནས་ཆོས་དུང་གཏེར་ནས་བཞེས་པའི་ཤུལ་གསལ་བར་ཡོད།དེ་ནས་ཡར་ལ་ཏོག་ཙམ་ཕྱིན་པ་ན་མཁའ་འགྲོ་མ་རྣམས་ཚོགས་འཁོར་བསྐོར་བའི་གནས་ཡོད།དེ་ཡི་ཉེ་འཁྲིས་སུ་དུང་དཀར་རང་བྱོན་རྒྱང་ནས་བལྟས་ཀྱང་ནོར་བ་མི་མངའ་བ་ཧ་ཅང་གསལ་བོ་ཡོད།ད་དུང་དེ་དང་ཉེ་བ་ན་འོད་དཀར་རྫ་སྒོ་ཞེས་པའི་སེང་གེ་དང་ཆུ་སྲིན་དང་ནམ་མཁའ་ལྡིང་དང་རྨ་བྱ་ལ་སོགས་པ་མཆོད་པའི་ཚུལ་གྱི་གཟུགས་བརྙན་དུ་མ་ཉམས་ཀྱིས་འགྱིང་ཡོད་ལ།གེ་སར་རྒྱལ་པོས་རལ་གྲིས་བཏུབས་པའི་ཕ་བོང་ཆེན་པོ་དང་།དེ་ནས་ཡར་ལ་ཕྱིན་པ་ན་རྡོ་བ་ཆེན་པོ་ཨ་མི་ལི་ཀྭ་ལ་ༀ་ཡིག་གསལ་བར་ཡོད་པ་དང་།རྫ་སྒོ་དང་ཕྲེང་སྒོ་ཟུང་གི་བར་ལ་སྟག་ལྤགས་ཐང་ཞེས་བྱ་བ་ཡོད་ལ།གནས་ཀྱི་དཔའ་བོ་དཔའ་མོ་རྣམས་ལ་འཇིག་རྟེན་སྐྱོང་བས་མཆོད་པ་ཕུལ་དུ་བཅུག་པར་ཡང་གྲགས།གནས་ཀྱི་ལུང་པ་འདི་ཉིད་དཔལ་འཁོར་ལོ་སྡོམ་པའི་སྐུའི་རྣམ་པ།གཡས་རི་དང་གཡོན་རི་འདི་གཉིས་ཞབས་གཡས་བརྐྱངས་གཡོན་བསྐུམ་པའི་ཚུལ་དུ་ཡོད་པ་ལ།སྟག་ལྤགས་ཐང་འདི་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བའི་རྣམ་པའང་ཡོད།སྟག་ལྤགས་ཐང་གི་གཡས་ངོས་ཀྱི་རི་རྒྱུད་རིང་པོ་འདི་ནི་གཡུ་འབྲུག་སྔོན་མོ་དགུང་ལ་ཆས་པའི་ཚུལ་ཞུ་བ་འདུག་པས་མགོ་བོ་དགེ་བསྙེན་ཆེན་པོ་གངས་ཀྱི་མགུལ་དུ་སླེབས་པའི་རྭ་དང་བཅས་པ་གསལ་བར་ཡོད་ཅིང་།མཇུག་མ་ཆུ་འགྲམ་གྱི་བར་དུ་རྒྱུན་མ་ཆད་པར་ཡོད་པ་དེ་བཀའ་བརྒྱུད་པའི་ཆོས་རྒྱུན་ཆད་པ་མེད་པ་དང་།སྙན་གྲགས་དབྱར་གྱི་རྔ་གསང་དང་མཚུངས་པའི་རྟེན་འབྲེལ་ཡོད།

གཡོན་རི་འདིའི་ངོས་སུ་སེང་གེ་གནམ་དུ་ཆས་པ་ལྟ་བུའི་གཡུ་རལ་དང་མཇུག་མ་ལ་ནགས་ཡོད་པ་འདི་སྟོང་ཉིད་སེངྒེ་ང་རོ་སྒྲོག་ཅིང་མི་མཐུན་རི་དྭགས་ཐལ་བར་རློག་པའི་རྟེན་འབྲེལ་ཡོད།གཡས་ཀྱི་ངོས་འདི་ན་རྗེ་ཀརྨ་པ་རིམ་བྱོན་གྱི་སྒྲུབ་གནས་ཐར་བ་གླིང་ཞེས་བྱ་བ།སྒྲུབ་ཕུག་གཟིམ་སྤྱིལ་དང་བཅས་པ་ཡོད་ཅིང་།དེ་ན་རྣལ་འབྱོར་མའི་སྐུའི་དབྱིབས་གསལ་བ་དང་བྷ་ག་ན་རང་བྱུང་སིནྡྷུ་ར་འབབ་པ་ཡོད།དེ་ནས་རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་སྐུ་ན་ཕྲ་དུས་ཀྱི་སྐབས་སུ་བཞུགས་སྒར་བཏབ་ནས་ཡི་གེ་ཕྱི་མོ་དབྱངས་གསལ་ཀློག་པའི་ཚུལ་མཛད་པའི་གནས་ཀ་བ་རི་ཕུག་ཏུ་གྲགས་པ་སྒར་མལ་ཆོས་ཁྲི་དང་བཅས་པ་ཡོད།

༥.ད་དུང་རྗེ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་དགུང་ལོ་བདུན་བཞེས་པའི་ཚེ་གཟིམ་སྤྱིལ་ཆུང་ངུར་འདག་སྦྱར་མཛད་ནས་ཏིང་ངེ་འཛིན་དུ་བཞུགས། སྤྱན་བཙུམ་པའི་གཟིགས་སྣང་གི་སྟོང་གཟུགས་སུ་ལོངས་སྤྲུལ་སྐྱེ་འཕགས་སྣ་ཚོགས་པའི་དབྱིབས་དང་། རྔོན་པས་རི་དྭགས་བཤོར་བ་སོགས་གཟིགས་ཞེས་རྣམ་ཐར་དུ་ཐེབས་པ་དེ་ལྟ་བུའི་རྣམ་ཐར་བསྟན་པའི་གནས་ནོར་བུ་གླིང་དང་། མཁའ་འགྲོ་གླིང་། པདྨ་གླིང་། བྱ་རྒོད་གླིང་ལ་སོགས་པའི་གནས་ཡོད་ལ་དེའི་སྨད་དུ་སྔོན་དུས་སུ་གླིང་གེ་སེར་དཔའ་བོས་མདའ་འཕང་བའི་ས་ཡིན་པར་གྲགས་ལ། དེ་ལ་གེ་སར་མདའ་རྭ་ཞེས་འབོད་ཀྱིན་ཡོད།

ད་དུང་སྔོན་དུས་སུ་རྗེ་ཀརྨ་པ་རིམ་བྱོན་སོགས་མཁས་གྲུབ་ཀྱི་རྟོགས་ལྡན་སྐྱེས་བུ་དམ་པ་མང་པོས་སྐུ་ཁྲུས་ཉིན་བཞིན་མཛད་པའི་བྱིན་རླབས་དང་ལྡན་པའི་རྣམ་པ་ཆུ་ཚ་ཞིང་དྭངས་པ། ནུས་པ་རླུང་འཁྲིས་བན་ཀན་འདུས་པ་ལྡན་པའི་ནད་ཐམས་ཅད་འཇོམས་པ། རྡོ་སོལ་དང་རྡོ་ཆུ་ལ་བརྟེན་ནས་ཁོལ་བའི་ཆུ་ཚན་ཡོན་ཏན་ཐམས་ཅད་ལྡན་པའི་ཚ་ཆུ་ཡ་མཚན་ཅན་ཞིག་ཡོད། ད་དུང་དམ་པ་མང་པོའི་སྒྲུབ་ཕུག་བརྒྱ་ཕྲག་མང་པོ་དང་རང་བྱུང་ལྷམ་མེར་བཀྲ་བའི་སྤྱན་རས་གཟིགས་སོགས་ཀྱི་རང་བྱོན་གྱི་སྐུ་བརྙན་གསལ་བོ་དང་། ཁྱད་པར་ཅན་གྱི་གནས་དང་ཆུ་མིག་དུ་མ་མཆིས་ཀྱང་དཔྱིས་ཕྱིན་པར་ཤེས་པར་འདོད་པ་དག་གིས་གནས་ཡིག་རྙིང་བར་གཟིགས་ན་གསལ་པོར་ཤེས་ཡོང་། མདོར་ན་གནས་འདིར་སྔོན་བྱོན་མཁས་དབང་དཔག་བསམ་ལྗོན་པ་ཟམ་མ་ཆད་པར་བྱུང་བ་དག་གིས་སྐུ་ཚེ་སྒྲུབ་ལ་གཞོལ་བའི་རྣམ་ཐར་ཤིན་ཏུ་མང་མོད། བདག་འདྲིའི་བློ་དམན་ཞིག་གིས་རྣམ་ཐར་གྱི་ཆ་ཙམ་ཡང་བརྗོད་པར་དཀའ་བས་འདི་རུ་གནས་ཡིག་རྙིང་བ་གཞིར་བཞག་ནས་མཐོང་ཐོས་བཞིན་བྲིས་པ་དག་ལ་ཡང་ནོར་བའི་ཆ་ཡང་ཡོད་དུ་མོད། ངེས་པས་མཁྱེན་ལྡན་རྣམས་ཀྱིས་བཟོད་པའི་ཡུལ་དུ་བཞེས་རོགས་མཛོད་མཛོད་ཅེས་ཡང་ཡང་ཞུ།


  • ལེ་ཚན་སྔོན་མ།:སྣ་ཆེན་བྲག་དཀར་སེང་གེ་གནམ་རྫོང་གི་གནས་ཀྱི་ངོ་སྤྲོད་སྐལ་ལྡན་སྙིང་ནོར།
  • ལེ་ཚན་རྗེས་མ།:མགར་ར་སྤུན་གསུམ་གླིང་།