འབག་གི་རིག་གནས།

    《རིག་གནས་ཀྱི་བརྡ་རྟགས》ཞེས་པ་ལས་དྲངས།    2018-11-23

འབག་གི་རིག་གནས།

   འབག་ནི་ཀོ་བ་དང་། རས་སམ། ཤོག་བུ་སོགས་རྒྱུ་ཆ་སྣ་ཚོགས་ཀྱི་ཐོག་དགོས་མཁོ་ལྟར་ཚོན་མདངས་འདྲ་མིན་གྱིས་ཞི་རྒྱས་དབང་དྲག་གི་ཉམས་འགྱུར་ཡོངས་སུ་ཚང་བའི་ངོ་རིས་སྣ་ཚོགས་འབྲི་རྒྱུ་དེ་ཡིན་ཞིང་། བསམ་ཡས་གཙུག་ལག་ཁང་སོགས་བཞེངས་པའི་ལོ་རྒྱུས་ལ་ལྟས་ཕྱིན་བོད་ལ་འབག་གི་རིག་གནས་དར་ནས་དུས་ཡུན་ཆེས་རིང་པོ་སོང་བ་མངོན་ཡོད།

    འབག་ལ་བརྗིད་ཉམས་ཆེ་བའི་ཆོས་སྐྱོང་སྲུང་མའི་འབག་དང་། མཛེས་རྩལ་དངོས་པོའི་འབག  གར་འཆམ་དང་ལྷ་མོའི་འབག་སོགས་སྣ་ཚོགས་ཡོད། ལྷག་དོན་དུ་གྲུབ་ཐོབ་ཐང་སྟོང་རྒྱལ་པོས་འབག་དཀར་པོ་དང་སྔོན་པོའི་ལྷ་མོའི་གཞུང་སྲོལ་གཏོད་གནང་ཡོད་པས་ད་ཆ་བོད་དུ་འབག་དཀར་པོའི་ལུགས་ཀྱི་ལྷ་མོ་ཚོགས་པ་དང་འབག་སྔོན་པོའི་ལུགས་ཀྱི་ལྷ་མོ་ཚོགས་པ་ཞེས་འབོད་སྲོལ་ཆགས་ཡོད། ལུགས་དེ་གཉིས་རྒྱ་ཆེར་དར་བའི་རྨང་གཞིའི་ཐོག་ཕྱིས་འབག་སེར་པོ་དང་། ལྗང་ཁུ་སོགས་ཀྱང་དར་ཡོད། འབག་ནི་འཁྲབ་བྱ་མི་སྣའི་མཚོན་བྱེད་དངོས་པོ་ཞིག་ཡིན་སྟབས་འབག་ལ་བརྟེན་ནས་མི་སྣའི་ཁྱད་ཆོས་ཤེས་ཐུབ་པ་དཔེར་ན། ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ནང་འབག་སྔོན་པོ་དང་དཀར་པོ་ཕུད་ད་དུང་ཚོས་གཞི་ཁ་ཤས་ཡོད་པའི་མཚོན་དོན་ནི། འབག་སེར་པོས་རྒྱས་པའི་ལས་དང་ཡོན་ཏན་གྱི་རང་བཞིན་ཏེ་རྒྱུས་བཟང་རྟོགས་པ་མཐོ་བའི་མཚོན་བྱེད་ཡིན་པས་ལྷ་མོའི་གཞུང་གཟུགས་ཀྱི་ཉི་མའི་ནང་གི་དྲང་སྲོང་བློ་གྲོས་རབ་གསལ་སོགས་ཀྱིས་གྱོན་པའི་འབག་ཡིན་པ་དང་། འབག་ལྗང་ཁུ་ནི་འཕྲིན་ལས་ཀྱི་མཚོན་བྱེད་དུ་བུ་ཚ་བྱང་ཆུབ་སེམས་པའི་སྤྲུལ་པ་འཁྲུངས་པའི་ཞིང་ས་དམ་པ་ལྷ་མོའི་གཞུང་པད་མ་འོད་འབར་ནང་གི་ཡུམ་ལྷ་རིགས་བྲམ་ཟེ་སོགས་ཀྱིས་གྱོན་གྱི་ཡོད།

འབག་གི་རིག་གནས།

 འབག་དམར་པོ་ནི་དབང་གི་མདངས་ཞེས་བློ་གྲོས་ཀྱི་རྩལ་རྫོགས་ཤིང་ཞི་དྲག་ཕྱི་ནང་ཡོངས་ལ་བཀའ་ལུང་བཙན་པོ་སྒྱུར་མཁན་གྱིས་གྱོན་པས་ལྷ་མོའི་གཞུང་སྣང་ས་འོད་འབུམ་ནང་གི་དཔོན་པོ་སྒྲ་ཆེན་སོགས་ཀྱིས་གྱོན་པ་ནི་དབང་དང་གོ་གནས་མཚོན་བྱེད་ཅིག་ཡིན། འབག་ཕྱེད་དཀར་ཕྱེད་ནག་ནི་ཡིད་རྟོན་མི་རུང་ཞིང་མགོ་གཉིས་མའི་སྤྱོད་ཚུལ་འཛིན་མཁན་དག་གི་མཚོན་རྟགས་ཡིན་པས་ལྷ་མོའི་གཞུང་ནོར་བཟང་ནང་གི་མི་རྒོད་འགོ་པའི་བཟའ་ཟླ་དཀར་མོ་སོགས་ཀྱིས་གྱོན་པའི་འབག་ལྟ་བུ། འབག་ནག་པོ་ནི་རྔམ་པའི་མཚོན་རྟགས་ཏེ་ནག་པོ་མི་དགེ་བའི་ལས་ལ་བརྩོན་པའི་བསམ་སྦྱོར་ཅན་བློན་པོ་ཧྲི་ཤུ་དང་རྐང་མགྱོགས་བང་ཆེན་སོགས་ཀྱིས་གྱོན་པའི་འབག་ཡིན། གཞན་ཡང་འབག་དམར་སྨུག་ནི་ཁྲོ་བའི་མཚོན་རྟགས་ཙམ་མ་ཟད་མི་སྡུག་པ་དང་དྲག་ཤུལ་ལྷན་གཅིག་འཛོམས་པ་དཔེར་ན། ལྷ་མོའི་གཞུང་འགྲོ་བ་བཟང་མོའི་ནང་གི་ཧ་ཤང་བདུད་མོ་ལྟ་བུ་གདོང་པ་ཡོངས་ཁྲག་ལྟར་དམར་ལ་མིག་གཉིས་ཁྲོ་ཚུགས་སུ་ལྟ་བ་སོགས་མི་སྡུག་པའི་རྣམ་པ་མཚོན་བྱེད་བཅས་ཡིན།

འབག་གི་རིག་གནས།

  བོད་ཀྱི་འབག་གི་རིག་གནས་ནི་ལོ་རྒྱུས་རིང་ལ་སྔོག་འདོན་བྱེད་རིན་དང་ཞིབ་འཇུག་བྱེད་གཞི་ཆེ་བའི་རིག་གནས་ཁྱབ་ཁོངས་ཤིག་ཡིན་སྟབས་ད་ཆ་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་འཁོད་ཡོད་པ་རེད་དོ།།




  • ལེ་ཚན་སྔོན་མ།:གཟི་ལ་བརྟག་པའི་ཐབས་ཤེས་འདི་དག་ཁྱེད་ཀྱིས་ཤེས་སམ།
  • ལེ་ཚན་རྗེས་མ།:ཆོས་རྒྱལ་ཞལ་འབག
  • དོ་སྣང་ཆེ་བའི་རྩོམ།