སྡེ་དགེ་རྫོང་གིས་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་སྤྱོད་སྤེལ་ནས་ཡུལ་སྐོར་ཁོར་ཡུག་ཇེ་ཡག་ཏུ་བཏང་། 

བསོད་ནམས་དོན་འགྲུབ།        2018-08-15

  སྤྱི་ཟླ8པའི་ཚེས8ཉིན། སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་སྤུས་ཚད་ལྟ་སྐུལ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱས་ཏེ་ཁྲོ་ལའི་ནུབ་རྒྱུད་ཀྱི་ཡུལ་སྐོར་རྒྱུད་ལམ་དང་ལྗོངས་ཁུལ་དུ་ཡུལ་སྐོར་ཁྲོམ་རར་དག་ཐེར་བཅོས་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད། རྫོང་གི་ཁྲིམས་འཛིན་མི་སྣས་མ་ཎི་གད་འགོའི་ཁྲིམས་འཛིན་མི་སྣ་དང་མཉམ་འབྲེལ་བྱས་ནས་རྒྱལ་སྲུང་གཞུང་ལམ317པའི་ཡུལ་སྐོར་རྒྱུད་ལམ་དུ་ཡོད་པའི་སྣུམ་སྣོན་ས་ཚུགས་དང་མགྲོན་ཁང་། བཟའ་བཏུང་ཞབས་ཞུའི་སྡེ་ཚན། ཡུལ་སྐོར་དྲན་རྟེན་ཚོང་རྫས་བཙོང་ས་བཅས་སུ་ཚོང་གཉེར་ལག་ཁྱེར་ཡོད་མེད་དང་ཁོར་ཡུག་གཙང་སྦྲ་ཚད་དང་ལྡན་མིན། བཟའ་བཏུང་ལས་རིགས་མི་སྣར་བདེ་ཐང་ལག་ཁྱེར་ཡོད་མེད། ཚོང་རྫས་རྫུན་མ་དང་སྤུས་ཞན་ཡོད་མེད། ཁྲོམ་རར་བཙན་ཤེད་ཀྱིས་ཉོ་ཚོང་གནས་ཚུལ་ཡོད་མེད། རྒྱ་གྲངས་མི་འདང་བའི་གནས་ཚུལ་ཡོད་མེད་སོགས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་བྱ་སྤྱོད་ཐམས་ཅད་ལ་ཞིབ་བཤེར་ནན་ཏིག་བྱས་པ་རེད། 

 ཐེངས་འདིའི་ཆེད་དོན་དག་ཐེར་བཅོས་སྐྱོང་བྱ་སྤྱོད་ཁྲོད་དུ་ཁྲིམས་འཛིན་མི་སྣ10མངགས་པ་དང་། ཡུལ་སྐོར་རྒྱུད་ལམ་གྱི་སྣུམ་སྣོན་ས་ཚུགས་དང་མགྲོན་ཁང་། བཟའ་བཏུང་ཞབས་ཞུའི་སྡེ་ཚན། ཡུལ་སྐོར་དྲན་རྟེན་ཚོང་རྫས་བཙོང་ས་སོགས་ཁྲོམ་རའི་བྱེད་པོ30ལྷག་ལ་ཞིབ་བཤེར་བྱས་ཤིང་། ཡུལ་སྐོར་རྒྱུད་ལམ་གྱི་ཁྲོམ་རའི་བྱེད་པོའི་ཡིད་རྟོན་ཚོང་གཉེར་ཁས་ལེན་ཡི་གེ20བྲིས་པར་བརྒྱུད། སྡེ་དགེའི་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་ཇེ་བཟང་དུ་བཏང་བ་རེད།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལས་གཞིར་མ་རྩ་འཇོག་ཤུགས་ཆེ་རུ་སོང་ཡོད།
  • ལེ་ཚན་རྗེས་མ།:2019ལོར་མཚོ་ལའི་ཕུག་ལམ་དུ་རླངས་འཁོར་གཏོང་ཐུབ་རེ་ཡོད།
  • དོ་སྣང་ཆེ་བའི་རྩོམ།