ཕྱག་ཕྲེང་རྫོང་ལ་བེ་ཤའི་ཐོན་ལས་ཀྱི་འཁོར་འབྲེལ་ཆགས།

ཀུན་དགས་བསྒྱུར།        2018-08-13

   ཕྱག་ཕྲེང་རྫོང་གི་རི་སྐྱེས་ཤ་མོའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡིན་པས་རྒྱལ་ཡོངས་སུ་རི་སྐྱེས་ཤ་མོའི་རིགས་བསྡོམས་འབོར་བརྒྱ་ཆ33ཟིན་ཡོད་ཅིང་། ལོ་རེར་ཆ་སྙོམས་བེ་ཤའི་ཐོན་ཚད་ཏུན1200ཡས་མས་དང་། ཕྱིར་གཏོང་བྱས་པའི་བེ་ཤ་ཏུན100ལ་སླེབས་པས་ཆ་སྙོམས་ལོ་རེར་ཕྱིར་གཏོང་བྱས་པའི་ཡོང་འབབ་ཨ་སྒོར་ཁྲི110རག་ཐུབ་པ་རེད། འདི་ནི་ཕྱག་ཕྲེང་རྫོང་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་གྱི་ཡོང་ཁུངས་གཙོ་བོ་ཞིག་ཡིན་པ་རེད།

    ད་ལོ་ནས་བཟུང་། རྫོང་དེས་བེ་ཤ་ཐོན་ཡུལ་སྲུང་སྐྱོང་དོ་དམ་ལམ་ལུགས་གཏན་འབེབས་བྱས་ནས་བེ་ཤ་ཐོན་ཡུལ་སྲུང་སྐྱོང་བྱེད་ཐབས་དེ་གྲོང་སྲོལ་དམངས་ཆིངས་ཀྱི་གྲས་སུ་བཞག་ནས་བེ་ཤ་ཐོན་ཡུལ་ལ་གཏོར་བརླག་བྱེད་མི་ཆོག་ལ། ལི་སྨི5མན་ཆད་ཀྱི་བེ་ཤ་འཐུ་མི་ཆོག་པ་བཅས་བྱས་ཡོད། སྲིད་གཞུང་གིས་རྨང་གཞིའི་སྒྲིག་ཆས་བསྐྲུན་པ་དང་ཁེ་ལས་ཀྱིས་ལག་རྩལ་མཁོ་འདོན་བྱས་ནས་ལོ5རིང་ལ་བོགས་གླ་མེད་པ་དང་ལོ3རིང་ལ་དངོས་པོའི་དོ་དམ་མི་དགོས་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་གཏན་འབེབས་བྱས་ནས། ཁེ་ལས་ཀྱིས་བེ་ཤ་སོགས་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་ཅིང་། མིག་སྔའི་བར། གཞི་ཁྱོན་ངེས་ཅན་ལྡན་པའི་ཁེ་ལས་བདུན་ཡོད་པ་དང་། རྫོང་ཡོངས་སུ་བེ་ཤ་ལས་སྣོན་བྱེད་མཁན་མི་གྲངས700ལྷག་ཡོད་པས་བེ་ཤ་ལས་སྣོན་བྱེད་པའི་ཉམས་མྱོང་ཕུན་སུམ་ཚོགས་པོར་གྱུར་ཡོད་པ་རེད།

    ས་ཁོངས་ཧྲིལ་པོར་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བརྒྱུད། བོད་རིགས་ཀྱི་ཕུན་སུམ་ཚོགས་པའི་བཟའ་བཏུང་རིག་གནས་འདོན་སྤེལ་གཏིང་ཟབ་བྱས་ཏེ། ལྗར་པན་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་དང་། ཕན་ཀྲི་ཧྭ་སློབ་གླིང་སོགས་དང་མཉམ་ལས་བྱས་ཏེ་བེ་ཤའི་རིགས་ཀྱི་ཚལ་རིགས་སྣ་ཚོགས་གསར་སྤེལ་བྱས་ཏེ་ཞབས་ཞུའི་འཁོར་འབྲེལ་རྒྱ་སྐྱེད་བཏང་བ་རེད། ཞིང་ལས་དང་ཡུལ་སྐོར་མཉམ་འགུལ་བྱེད་པར་བརྟེན་ནས་བེ་ཤའི་ཁུ་བ་དང་བེ་ཤའི་ཚྭ་འདག བེ་ཤའི་ཇ་སོགས་ཐོན་རྫས་རིགས23 གསར་གཏོད་བྱས་ཡོད། རྫོང་ཡོངས་སུ་སྨི་གྲུ་བཞི་མ2660ཡི་འཁྱགས་མཛོད་ཁང13བསྐྲུན་པས་དངོས་ཟོག་གསོག་འཇོག་གི་ལེགས་ཆ་མངོན་གསལ་ཡིན་པ་རེད།

   གཞན་ཡང་། རྫོང་དེས་རྒྱལ་ཡོངས་ཀྱི་དྲྭ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་དཔེ་སྟོན་རྫོང་གི་ལས་གཞི་ལ་བརྟེན་ནས་ལྟེ་གནས་ས་ཚུགས53བསྐྲུན་པ་དང་། ཞིང་ལས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་དྲྭ་ཐོག་ནས་བྲིན་འཚོང་བྱེད་བཅུག་པ་རེད།།


  • ལེ་ཚན་སྔོན་མ།:བེ་ཤའི་ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ཐམས་ལམ་རྒྱ་སྐྱེད་བཏང་།
  • ལེ་ཚན་རྗེས་མ།: འདབ་པའི་བེ་ཤ་ཕྱི་རོལ་ཡུལ་དུ་ཚོང་བྲིན་བྱུང་།
  • དོ་སྣང་ཆེ་བའི་རྩོམ།