གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

མི་ཉག་འོད་ཟེར།        2018-07-05

གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

དེ་ཡང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། མཁས་བཙུན་གྲུབ་པའི་མངའ་བདག་བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ་མཆོག་གིས་ལོ་ཟླའི་ཁྲོད་དུ་རྣམ་དཔྱོད་དང་བརྩོན་པ་ཟུང་དུ་སྦྲེལ་ཏེ་བཀའ་པོད་གསུང་རབ་རྒྱ་མཚོའི་ཕ་མཐར་སྙེགས་པ་དང་། རྨད་བྱུང་ཐུགས་སྐྱེད་གཙང་མས་འགྲོ་རྣམས་བསྐྱངས་ཏེ་སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དང་སྒོས་སུ་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་པ་རླབས་པོ་ཆེ་ལ་གཡུར་དུ་ཟ་བའི་འབྲས་བུ་བླ་ན་མེད་པ་ཐོབ་ཡོད་པས་གཟུར་གནས་མཁས་དབང་དག་གི་གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག་ཅེས་ཡི་རངས་དང་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བའི་གནས་སུ་གྱུར། འདིར་དམ་པ་གང་ཉིད་ཀྱི་མཁའ་ལྟར་ཡངས་པའི་རྣམ་དཀར་གྱི་མཛད་འཕྲིན་ལས་ཆ་ཤས་ཙམ་ཞིག་དགོད་པར་བྱ་བ་ལ།

གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

མདོ་སྟོད་བྲག་མགོ་ཡུལ་གྲུ་ནས།། གཟུགས་སྐུ་པདྨོའི་མཚར་སྡུག་ངོམས།།

བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱི་ལོ་སྟེ་སྤྱི་ལོ༡༩༢༤ལོར་དགེ་བཤེས་བློ་བཟང་དོན་གྲུབ་མཆོག་ཉིད་མདོ་སྟོད་ཏྲེ་ཧོར་བྲག་མགོ་ཡུལ་གྲུའི་ནོར་པ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་ཁ་ཤུལ་བསོད་ནམས་བཀྲ་ཤིས་དང་ཡུམ་བ་ལོ་གཉིས་ཀྱི་སྲས་སུ་གཟུགས་སྐུ་པདྨོའི་མཚར་སྡུག་གསར་དུ་ངོམས། སྐུ་ན་ཆུང་ངུའི་དུས་ནས་ཞི་དུལ་དང་བག་ཡོད་ཀྱི་སྤྱོད་བཟང་རང་གཤིས་སུ་མངའ་བས་ཡུལ་སྡེ་སྐྱེ་བོ་ཀུན་གྱིས་བྱིས་པ་དགའ་རབ་ཅེས་བསྟོད་པའི་མཐེ་བོང་སྒྲེང་བའི་གནས་སུ་གྱུར། དཔལ་བྲག་འགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་གི་བླ་འགོ་རྣམས་ཀྱིས་ཁོང་གི་ཡབ་ཡུམ་ཟུང་ལ་བུ་ཆུང་འདི་དགོན་པའི་ཆོས་གྲྭར་ཞུགས་ན་ལེགས་ཚུལ་གསུངས་པར་དགུང་ལོ་བཅུ་གཅིག་གི་སྟེང་དུ་དད་པ་དང་བཅོས་མིན་ངེས་འབྱུང་གིས་རྒྱུད་བསྐུལ་ཏེ་བསྟན་ལ་རབ་ཏུ་བྱུང་། དགེ་བཤེས་པདྨ་དངོས་གྲུབ་དང་མཁན་བློ་བཟང་ཉི་མ་སོགས་ཀློག་གི་སློབ་དཔོན་དུ་བསྟེན་ཏེ་ཞྭ་སེར་བསྟན་པའི་འགྲོ་ལུགས་བཞིན་ཆོ་གའི་འདོན་ཆོག་དང་འབུད་རྡུང་བཅའ་གསུམ་སོགས་ལ་རིམ་བཞིན་སྦྱངས། སྐུ་ན་ཆུང་ཡང་ཐུགས་རིག་གསལ་ཞིང་སློབ་གཉེར་ལ་བརྩོན་པའི་རང་བཞིན་ལྷན་སྐྱེས་སུ་མངའ་བས་སྦྱངས་བྱ་གང་ཡིན་ཡང་མགོ་སྨྲོས་པ་ཙམ་གྱིས་བདེ་བླག་ངང་རྟོགས་ཐུབ་པ་སོགས་མཁྱེན་རབ་ཀྱི་རྩལ་ཆེ་བས་ཀུན་གྱིས་ངོ་མཚར་དུ་འཛིན། ཀེའུ་ཚང་ཐུབ་བསྟན་དཔལ་ལྡན་དགེ་ལེགས་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ལྟར་བགྲང་བྱ་བདུན་ཙམ་གྱི་རིང་དུ་བསྡུས་རྟགས་བློ་གསུམ་ནས་འགོ་བརྩམས་ཏེ་རིགས་འཕྲུལ་གྱི་ལམ་ནས་ཕར་ཕྱིན་སོགས་ལའང་སྦྱངས་པ་རྒྱ་ཆེར་གནང་པ་བཅས་སོ།།

གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

རིག་གཞུང་ནོར་བུ་ལེན་པའི་ཕྱིར།། ལྷ་ལྡན་ཕྱོགས་སུ་ཞབས་པད་བཀོད།།

བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་ལོ་སྟེ་སྤྱི་ལོ ༡༩༤༡ ལོར་དམ་པ་གང་ཉིད་དགུང་གྲངས་བཅུ་བདུན་བཞེས་སྐབས་ཐུགས་བསྐྱེད་བཙན་པོ་ཞིག་གིས་རྒྱུད་བསྐུལ་བ་དང་རིག་གཞུང་ཟབ་མོ་དག་ལ་གནད་ཕིགས་པ་ཞིག་སྦྱོང་དགོས་དགོངས་ཏེ་དབུས་ཀྱི་ལྷ་ལྡན་དུ་ཐོས་བསམ་བཞེས་པར་ཕེབས་རྒྱུའི་འདུན་པ་ལྡོག་མེད་དུ་འཁྲུངས། ཆུ་བཞི་འཕྲེད་དུ་བཅད། སྒང་དྲུག་རྡོག་པས་བརྫིས། ཤོད་བཅུ་ཤུལ་དུ་བཞག་སྟེ་ལམ་བར་དུ་གྲང་འཁྱག་དང་ལྟོགས་སྐོམ་གྱི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་ལོ་དེའི་དགུན་ཁར་དབུས་གཙང་ལྷ་ས་རུ་འབྱོར། དེ་ནས་གདན་ས་ཆེན་པོ་གསུམ་གྱི་ཡ་གྱལ་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་འབྱུང་གནས་ཀྱི་ཏྲེ་ཧོར་ཁང་ཚན་དུ་བཞུགས་ཏེ་རྒྱ་གར་གྱི་རྒྱན་དྲུག་མཆོག་གཉིས་དང་གཉིས་སུ་མ་མཆིས་པའི་དམ་པའི་སྐྱེས་ཆེན་བླ་མ་དབུ་མ་པའི་སྐུ་སྐྱེས་ཚུལ་ཁང་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཆེན་མོ་ལྷ་རམས་པ་ཏྲེ་ཧོར་སྐྱོར་དཔོན་ཚེ་དབང་ནོར་བུ། ནོར་བ་དགེ་བཤེས་ཡེ་ཤེས་ནོར་བུ། དགེ་བཤེས་བསོད་ནམས་མགོན་པོ། དགེ་བཤེས་ཡེ་ཤེས་ཐུབ་བསྟན། འབའ་པ་མཁན་ཟུར་སོགས་མཚན་ལྡན་བཤེས་གཉེན་བཅུ་ཕྲག་ཁ་ཤས་ཀྱི་ཞབས་རྡུལ་སྤྱི་བོས་མནོས་ཏེ་ལོ་ཧྲིལ་པོ་བཅོ་བརྒྱད་ཀྱི་ཡུན་ལ་དུས་ཕྲ་མོ་ཙམ་ཡང་ཆུད་ཟོས་སུ་མ་བཏང་པར་དབུ་ཕར་འདུལ་མཛོད་དང་རྣམ་འགྲེལ་སྐོར་སོགས་གཞུང་བཀའ་རྒྱ་མཚོ་ལྟ་བུ་ལ་གསན་བསམ་ལེགས་པར་མཛད་དེ་རིགས་པས་ཕུ་ཐག་བཅད། རྒྱ་བོད་ཀྱི་པཎ་གྲུབ་བཞིན་གཞུང་ལུགས་ཀྱི་གོ་རྒྱ་འཚོལ་བས་མཁས་པའི་གོ་འཕང་བརྙེས། གྲྭ་ས་རིགས་པའི་རྒྱ་མཚོའི་དབུས་ན་ལུང་རིགས་སེངྒེའི་ང་རོ་བསྒྲགས་པས་མཁས་མང་དགྱེས་པའི་མཆོད་སྤྲིན་དུ་གྱུར། གདན་ས་གསུམ་གྱི་ཚོགས་མང་འདུས་པའི་དབུས་སུ་ལུང་རིགས་ཀྱི་གཤོག་རྩལ་འགྲན་སྐབས་མཁས་མིང་འཛིན་པ་མང་པོ་ཚར་བཅད་དེ་ཅུང་མི་སྨྲ་བའི་བརྟུལ་ཞུགས་འཛིན་དགོས་པའི་གནས་སུ་བཀོད། མཁས་པ་མཁས་པའི་ཁྲོད་ན་མཛེས་ཞེས་གསུངས་པ་ལྟར། ཁོང་ཉིད་ཀྱི་གཞུང་དོན་ལ་རྒྱ་མཚོ་བཞིན་ཟབ་པའི་གོ་བ་དང་ཐོག་མདའ་ལྟར་མྱུར་བའི་རིགས་ལམ་དེ་དྲན་དབང་གཙུག་གི་རྒྱན་དུ་གྱུར་པ་མང་པོས་ངོ་མཚར་བར་འཛིན་པས་ཏྲེ་ཧོར་སྨེ་ནག་ཅན་ཞེས་གདན་ས་གསུམ་ན་མཚན་གྱི་སྙན་པ་འབར། དེ་ནས་ཡོངས་འཛིན་གླིང་རིན་པོ་ཆེའི་མདུན་ནས་བསྙེན་པར་རྫོགས་པའི་སྡོམ་པ་བླངས་ཤིང་འབྲས་སྤུངས་མཁས་མང་བློ་གསལ་བྱེ་བའི་འབྱུང་གནས་སུ་སྐལ་ལྡན་གྱི་སློབ་བུ་མང་པོ་བསྐྱངས་ཏེ་དུས་འདའ་བར་བྱས། འབྲས་སྤུངས་བློ་གླིང་ཙམ་དུ་མ་ཟད་གྲྭ་ས་སེ་འབྲས་དགའ་གསུམ་ནས་སློབ་བུ་ཇེ་མང་དུ་ཕྱིན་པ་དང་མཁས་དབང་དུ་མས་རྒྱ་བོད་ཀྱི་གཞུང་ལུགས་ལ་དོགས་གཅོད་ཞུ་སའི་གནས་སུ་གྱུར།།

གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

མདོ་ཁམས་གསེར་ལྡན་ཐིག་ལེ་རུ།། གཞན་ཕན་བདུད་རྩིའི་ཆར་རྒྱུན་ཕབ།།

སྤྱི་ལོ༡༩༥༩ལོ་ནས་དུས་འགྱུར་གྱི་དབང་གིས་དཀའ་སྡུག་གི་ཁུར་བོ་དུ་མ་རྒྱབ་ཏུ་ཁུར་དགོས་བྱུང་ཡང་ཆོས་རྣམས་རྟེན་འབྱུང་གི་ངེས་ཤེས་ཐུགས་སུ་བརྣགས་ཏེ། ལོ་གཅིག་ལྷག་ལ་ལྟོགས་སྐོམ་གྱིས་མནར་སྐབས་རང་སྐལ་གྱི་རྩམ་རྡོག་མཐེ་བོང་ཙམ་རེ་ཡིས་རིལ་བུ་བཟོས་ཏེ་སྐྱེ་བོ་གཞན་སྐྱོབ་པའི་སེམས་དཔའ་ཆེན་པོའི་མཛད་པ་བདག་གིར་བཞེས།

ཕྱིས་སུ་ཕ་ཡུལ་དུ་བདེ་བུ་ཞེས་པའི་ས་ཆ་རུ་ཞིང་སྲུང་བྱེད་དུ་འཇུག་པས་དཀའ་ངལ་ཆེན་པོར་མ་འཕྲད་པ་དང་། དགེ་བའི་བཤེས་གཉེན་ཆེན་པོ་ཡེ་ལོ་དང་མཉམ་དུ་དུས་ཚོད་མང་པོར་དཔེ་གཟིགས་གནང་རྒྱུའི་གོ་སྐབས་བྱུང་བར་མ་ཟད་རིག་གཞུང་ཟབ་མོ་མང་པོར་དོགས་གཅོད་བྱེད་རྒྱུའི་གོ་སྐབས་བྱུང་ཞེས་ཞལ་ནས་གསུངས། རིམ་བཞིན་རབ་བཟང་རི་ཁྲོད་དུ་བཞུགས་རྒྱུའི་སྐལ་བ་བྱུང་སྟེ་ཐོས་བསམ་སྒོམ་པའི་མཛད་པ་ཁོ་ནའི་དུས་འདའ་བར་གནང་།

སྤྱི་ལོ༡༩༨༡ལོར་དུས་རྙིང་གི་སྤྲིན་རིམ་སྟུག་པོ་མཐར་སངས་རྗེས་སྲིད་བཟང་གསེར་གྱི་ཉི་གཞོན་གངས་ཅན་གྱི་མཁའ་དབྱིངས་སུ་དྲངས་པ་དང་། མཆོག་ཉིད་སླར་ཡང་བྲག་མགོ་དགོན་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དུ་ཞབས་པད་བཀོད་དེ་འགྲོ་མང་དག་ལ་དམ་ཆོས་ཀྱི་བགོ་བཤའ་འགྱེད་པས་གདུལ་བྱ་མང་པོ་སྨིན་ཅིང་གྲོལ་བའི་ལམ་དུ་བཀོད་ཅིང་དད་པའི་མེ་ཏོག་ཕྱོགས་ཀུན་དུ་ཁྱབ་པ་བྱུང་། སྤྱི་ལོ ༡༩༨༢ ལོར་བོད་ཀྱི་རིག་གནས་ལ་ཤ་ཞེན་དང་ལྷག་བསམ་མཆོག་ཏུ་དཀར་བའི་ཀྲུའུ་རེན་བཀྲ་ཤིས་ཚེ་རིང་དང་མཆོག་སྤྲུལ་ཐུབ་བསྟན་ཉི་མ་སོགས་ཀྱིས་ཐུགས་རྗེ་ལ་བརྟེན་ནས་གངས་ལྗོངས་གནས་ལྔ་རིག་པའི་འབྱུང་གནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་སྡེ་དགེ་རྫོགས་ཆེན་དུ་འཛུགས་སྐབས། ཁོང་ཉིད་ཀྱང་གདན་ཞུས་ལྟར་རྫོགས་ཆེན་དུ་ཕེབས་ཏེ་བགྲང་བྱ་ལྔའི་རིང་དུ་མཁས་མང་གསེར་རིའི་ཕྲེང་བའི་དབུས་སུ་ནང་ཚད་ཀྱི་མགྲིན་པ་གཟེངས་སུ་བཏེགས་ཏེ་ལུང་རིགས་ཀྱི་རྔ་བོ་ཆེ་དྲག་ཏུ་བརྡུངས་པས་གངས་ལྗོངས་ཀྱི་བློ་གསལ་གཞོན་ནུ་མང་པོ་གཉིད་ལས་སློང་བ་དང་ཤེས་རབ་སྒྲོན་མེས་མདུན་ལམ་སྣང་བར་བྱས་ཏེ་སློབ་མ་མཁས་པ་བརྒྱ་ཕྲག་ལ་ཉེ་བར་བསྐྱངས་སོ།། སྤྱི་ལོ༡༩༨༥ནས་ཧོར་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་པར་རྒྱལ་བའི་གླིང་དུ་ཕེབས་ནས་འདུ་ཁང་གསར་བཞེངས་ཀྱི་ལས་གྲལ་ཞུགས་ཤིང་ཆོས་ར་གསར་འཚོགས་ཀྱི་སྦྱིན་བདག་ཞུས་ཏེ་དབུ་ཚུགས་པར་བྱས། སྤྱི་ལོ༡༩༩༥ལོའི་བར་བྲག་མགོ་དགོན་རབ་བརྟན་རྣམ་རྒྱལ་གླིང་གི་མཁན་པོ་ལོ་གསུམ་དང་ཚོགས་ཆེན་ཁྲི་པ་ལོ་དྲུག་བཅས་ལོ་དགུ་ལ་འགན་གཙང་བཞེས་གནང་། དགོན་པའི་གྲྭ་པ་དང་ཕྱོགས་ཁག་ནས་ཕེབས་པའི་སློབ་བུ་རྣམས་ལ་འགོ་བསྡུས་གྲྭ་ནས་དཔེ་ཁྲིད་ཀྱིས་ཐུགས་འགན་བཞེས་ཏེ་སྐལ་ལྡན་གྱི་སློབ་བུ་མང་པོ་བསྐྱངས།

གཞན་ཡང་གྲྭ་བཙུན་གཞོན་སྐྱེས་རྣམས་ལ་བསྟན་པའི་གཞི་རྩ་སྡོམ་པ་འབོག་པ་དང་བྲག་མགོ་དགོན་པའི་སྨོན་ལམ་དབུ་བཞུགས་ལོ་བདུན་ཙམ་དང་། སྐྱ་སེར་ཡོངས་ལ་ལྟུང་བཤགས་དང་ལམ་རིམ་སོགས་ཀྱི་ཁྲིད་ལུང་རྒྱ་ཆེར་གནང་། བྲག་མགོ་དགོན་པར་མ་ཎི་དུང་སྒྲུབ་དང་གྲོང་པ་རེ་རེར་བསྙེན་གནས་ཆ་བརྒྱད་སོགས་ལོ་རེར་རྒྱུན་ཆགས་སུ་གསར་འཛུགས་གནང་།

༡༩༨༥ལོར་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན་མཆོག་བོད་ཁུལ་དུ་གཟིགས་སྐོར་ལ་ཕེབས་སྐབས་བྲག་མགོ་དགོན་དུ་མཆོག་ཉིད་ཀྱི་ལུང་རིགས་ཟབ་མོའི་རྩོད་པ་གནང་ཚུལ་ལ་ཐུགས་བླ་ལྷག་ཏུ་དགྱེས་ཏེ་བསྔགས་པའི་མེ་ཏོག་འཐོར། ༡༩༨༧ལོར་སི་ཁྲོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གྲྭ་ཆེན་མོས་གདན་ཞུས་ལྟར་མདོ་ཁམས་གནས་མཆོག་དཔལ་ལྷ་སྒང་ཡུལ་དུ་ཕེབས་ཏེ་གནས་དེར་འདུས་པའི་གྲུབ་མཐའ་སོ་སོའི་སྤྲུལ་སྐུ་དང་བླ་གྲྭ་ཁག་ལ་ཚད་མའི་སྐོར་སློབ་ཁྲིད་གནང་། སྔ་གཞུག་ཏུ་ལྷ་སྒང་ནང་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་། མདོ་ཁམས་མི་ཉག་མགར་ཐར་དགོན། གསེར་ཐར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་། འདྲ་གདུགས་དཀར་དགོན།  ཏྲེ་ཧོར་དཀར་མཛེས་དགོན་སོགས་སུ་ཞབས་ཀྱིས་བཅགས་ཏེ་བསྟན་འགྲོ་ལ་སྨན་པའི་ལྗགས་སློབ་དང་ཆོས་ཁྲིད་མཛད། གཞན་ཡང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་མི་ཉག་མཁན་ཆེན་ཐུབ་བསྟན་ཆོས་ཀྱི་གྲགས་པ་མཆོག་གཉིས་ལ་ལན་གྲངས་དུ་མར་མཇལ་འཕྲད་གནང་སྟེ་གཞུང་ལུགས་སྐོར་ལ་གསུང་གླེང་ཞིབ་རྒྱས་མཛད་པས་ཕན་ཚུན་ཐུགས་ཡིད་ཆུ་བོ་གཅིག་འདྲེས་སུ་གྱུར།

མདོ་ཁམས་མི་ཉག་མགར་ཐར་དགོན་དུ་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གྱི་སྡེ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་པ་དང་། ད་དུང་གྲྭ་གཞོན་རྣམས་ལ་དགེ་ཚུལ་གྱི་སྡོམ་པ་འབོག་ཅིང་སྨོན་ལམ་ཆེན་མོའི་དབུ་བཞུགས་གནང་སྟེ་གྲྭ་བཙུན་དང་མང་ཚོགས་རིས་སུ་མ་ཆད་པར་དམ་པའི་ཆོས་ཀྱི་བདུད་རྩི་སྩོལ་གནང་མཛད།

༡༩༩༥ལོར་བྲག་མགོ་དགོན་པའི་ཆོས་གྲྭ་དངོས་སུ་འགོ་ཚུགས་སྐབས་སྐུ་ན་བགྲེས་པས་ཕེབས་བྱོན་སོགས་ལ་དེ་ཙམ་སྟབས་བདེ་པོ་མེད་ནའང་སློབ་གྲྭའི་འགན་གཙོ་བཞེས་པར་མ་ཟད་དགེ་རྒན་གཅིག་ལྕོགས་སུ་མཛད་པས་སྔོན་རྗེས་སུ་རིག་གཞུང་ལ་བྱང་ཆ་ལྡན་པའི་མཁས་པ་མི་ཉུང་བ་ཞིག་གསོ་སྐྱོང་མཛད།

༢༠༠༧ལོར་སླར་ཡང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཕེབས་ཏེ་དགེ་སློབ་རྣམས་ལ་གདམས་པ་དང་ཁྲིད་ལུང་རྒྱ་ཆེར་བསྩལ་ཏེ་རིས་མེད་བསྟན་པའི་འོད་སྣང་ཕྱོགས་བརྒྱར་འགྱེད། 

ཁོང་ཉིད་ཀྱི་དངོས་སློབ་ཁྲོད་ན་སྟོད་དུ་རྒྱ་གར་དང་། སྨད་དུ་རྒྱ་ནག། བར་དུ་བོད་ཡུལ་སོགས་སུ་འཆད་རྩོད་རྩོམ་གསུམ་གྱིས་སྐུ་ཚེ་འདའ་ཞིང་། བསླབ་གསུམ་ཉམས་རྟོགས་ཀྱིས་ཐུགས་རྒྱུད་ཕྱུག་པ། མཁས་པའི་གོ་སར་གཤེགས་ཤིང་མཐོན་པོའི་ཁྲི་ལ་འགྱིངས་པའི་དགའ་ལྡན་ཁྲི་ཐོག༡༠༣པ་རྗེ་བཙུན་བློ་བཟང་བསྟན་འཛིན་དཔལ་བཟང་པོ་མཆོག་དང་། དཔལ་ལྡན་བློ་གསལ་གླིང་གི་མཁན་ཟུར་རིན་པོ་ཆེ་གོ་བོ་བློ་བཟང་རྒྱ་མཚོ། པཎ་གྲུབ་ཆེན་པོ་དགེ་བའི་བཤེས་གཉེན་ལྷ་རམས་པ་དགེ་བཤེས་དཔལ་ལྡན་གྲགས་པ། མདོ་མང་སྤྲུལ་སྐུ་ཏིས་ཋ་རིན་པོ་ཆེ་སོགས་དགེ་བཤེས་བླ་སྤྲུལ་དུ་མ་རྒྱུ་སྐར་ཁྲོད་ན་ཉི་ཟླ་བཞིན་ཡོད་པར་མ་ཟད། སི་ཁྲོན་ཞིང་ཆེན་ནང་བསྟན་སློབ་གླིང་གི་སློབ་དཔོན་ཆེན་མོ་སྐུ་ཚ་ཚོགས་སྤྲུལ་འཕྲིན་ལས་དོན་གྲུབ་དང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དཔོན་ཆེན་མོ་ལྕང་ཞབས་པ་འགྱུར་མེད་ཚེ་དབང་སོགས་སྐྱ་སེར་མཁས་དབང་དང་བླ་སྤྲུལ་མཁན་པོ་གྲངས་མེད་གསོ་སྐྱོང་གནང་ཡོད་། ཁོང་གི་སྐུ་ཚེ་གང་པོར་ཆོས་ཀྱི་བྱ་བ་ཁོ་ན་ལས་འདའ་ཞིང་གྲྭ་རྐྱང་དཀྱུས་མ་ཞིག་གི་ཚུལ་དུ་བཞུགས་པ་ལས་བླ་བྲང་རྫིག་པོ་དང་འཁོར་མང་གིས་བསྐོར་བའི་ཆོས་བརྒྱད་ཀྱི་ལས་རྣམས་མཆིལ་མའི་ཐལ་བ་བཞིན་རྒྱང་དུ་དོར་བའོ།།

སྤྱི་ལོ༢༠༡༡ལོའི་ཟླ༥པའི་ཚེས༡ཉིན་གཟུགས་སྐུའི་བཀོད་པ་རེ་ཞིག་བསྡུས་པའི་ཚུལ་བསྟན་པ་བཅས་སོ།།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽

གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།

  • ལེ་ཚན་སྔོན་མ།:སྐུ་བཅར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་ལགས་ཀྱི་མཛད་རྣམ་རགས་བསྡུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།