དཀོན་མཆོག་བསྟན་འཛིན། 2021-03-02
བསྟན་པ་རིག་གནས་དང་བཅས་པའི་སྒྲོན་མེ་ཆེན་པོ། སྤྲུལ་པའི་བཟོ་བོ་ཐང་བླ་ཚེ་དབང་མཆོག་ནི། སྤྱི་ལོ༡༩༠༢ལོར་ཁམས་སྡེ་དགེར་སྐུ་འཁྲུངས། ཁོང་སྐུ་ན་གཞོན་དུས་ནས་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་བཟོའི་ཕྱོགས་ལ་བློ་གྲོས་ཤིན་ཏུ་ཡངས་པས། ཡི་གེའི་ཀློག་བསླབས་ནས་ཡུན་རིང་མ་སོང་བར། སྐབས་དེའི་ཡིག་བྲིས་མཁས་པ་ནོར་བུ་དོན་འགྲུབ་མདུན་ནས་གཟིབ་གཤར་འཁྱུག་གསུམ་ལཉྫ་ཝརྟུ་ཝ་ཤུལ་བློ་གྲོས་དང་ཀར་འབྲུག་སོགས་ལས་སྔ་ཕྱི་རི་མོ་སྐུ་གཟུགས་ཀྱི་ཐིག་རྩ་བཟོ་རྒྱུན་མན་ངག་དང་བཅས་སོ་སོ་མ་འདྲེས་པ་སྦྱངས་ནས་ཡིག་བྲིས་དང་རི་མོ་མཁས་པ་ཀུན་གྱི་གཙོག་རྒྱན་ཏུ་གྱུར་ཏེ་སྤྲུལ་པའི་བཟོ་བོ་ཞེས་ཀུན་གྱིས་བསྔགས། སི་ཏུ་པདྨ་དབང་མཆོག་གིས་བཀའ་བསྐུལ་ལྟར། ཀ༔ཐོག་དགོན་དུ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་ཐང་ཆེན་མོ་དང་དཔལ་སྤུངས་སི་ཏུའི་དགོངས་བཞེད་ལྟར་བཀའ་བརྒྱུད་གསེར་ཕྲེང་ཕུར་ཐང་བཅུ་གསུམ་སོགས་ཐང་ག་དང་ལྡེབས་རིས་མང་པོའི་དབུ་མཛད་ཀྱི་འགན་བཞེས། དབུ་ལྡེབ་དབུ་ལྷ་དང་བཅས་པའི་སྡེ་བྲིས་ཀྱི་འདོན་ཆོག་སྤུས་ལེགས་མང་པོ་བྲིས། མཁན་མཁྱེན་རབ་སོགས་ལས་དབུ་མ་གཙོ་བོར་གྱུར་པའི་ཐུན་མོང་རིག་གནས་མཐའ་དག་ལ་སྦྱངས་བརྩོན་དང་ཀར་ལུགས་སྒྲུབ་པ་ཁག་གི་ཆོ་ག་ཕྱག་ལེན་དང་གདངས་རྟ་དབྱངས་ཀུན་ལ་བྱང་པར་བྱས་ཐོག་ཁམས་དཔལ་སྤུངས་དགོན་གྱི་དབུ་མཛད་ཀྱི་འགན་བཞེས། སྐབས་དེར་སྙན་ངག་གི་དཔེ་བརྗོད་མང་པོ་བརྩམས་པས་སྙན་པའི་ཚད་དུ་གྱུར། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་དྲུང་ཡིག་གི་འགན་ལོ་མང་བཞེས། མཁས་ཆེན་ངག་གི་དབང་པོ་དང་། རྒྱལ་དབང་ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ་སོགས་རིས་མེད་ཀྱི་བླ་མ་བཅུ་ཕྲག་བརྒལ་བར་བསྟེན། དཔལ་སྤུངས་རང་ཁྲོད་སྒྲུབ་སྡེར་མི་ལོ་གསུམ་དུ་སྒྲུབ་པ་མཛད་པ་དང་། དེ་ཕྱིས་ཀྱང་ཟབ་མོ་ཉམས་ལེན་རྒྱུད་ལ་གོམས་པས་གྲུབ་པའི་མཚན་མ་མངོན་དུ་གྱུར་སྐབས་ཤིག་དུས་ཀྱི་དབང་གིས་བོད་ཀྱི་རིག་གནས་མཐའ་དག་ལ་ཉམས་གུད་ཆེནཔོ་བྱུང་སྐབས། ཁོང་གིས་ཐབས་མཁས་ཀྱི་སྒོ་ནས་རིག་གནས་དངོས་རྫས་དང་བཅས་པ་ལ་སྲུང་སྐྱོབ་དང་། གསང་ཐབས་ཀྱིས་བོད་ཀྱི་རིག་གནས་རྒྱུན་སྤེལ་བར་མ་ཆད་པ་མཛད།
བསྟན་པ་རིག་གནས་ཡང་དར་གྱི་འགོར།ཁོང་དགུང་ལོ་བརྒྱད་ཅུར་ཟིན་ཡང་ལྷག་བསམ་ཐུགས་བཞེས་ཆེན་པོས་ཁམས་དཔལ་སྤུངས་དགོན་གྱི་བསྟན་པ་བསྐྱར་དུ་གསོ་བའི་གཙོ་འགན་བཞེས། ཐང་ག་དང་ལྡེབས་རིས། པར་རྩ་རི་མོ། སྐུ་གཟུགས་ཐིག་རྩ། ཙ་ཀ་ལི་སོགས་རི་མོ་ཁུངས་ཐུབ་དཔེར་འོས་མང་པོ་བྲིས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་གཙོ་བོར་གྱུར་པའི་མདོ་དབུས་ཁམས་གསུམ་གྱི་བཟོ་དང་གསོ་བ། ནང་དོན་རིག་པ་བཅས་ལ་མཆོག་ཏུ་མཁས་པའི་སློབ་མ་མང་པོ་བསྐྱངས་ཏེ། ད་ལྟར་ཁོང་གི་ཞལ་སློབ་དང་ཡང་སློབ་བཅས་སྟོང་དུ་ཉེ་བར་འཕེལ་ཏེ་གངས་ཅན་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་གྱི་འགན་ཁུར་བཞིན་པ་འདི་དག་ལགས་སོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10