ཀརྨ་སྒར་བྲིས་་ཀྱི་ཆེད་རམས་པ་དགེ་ཁང་གསར་མཇམ་དཔལ།

ཀུན་བཟང་དཔལ་མོ།        2021-03-02

   

ཀརྨ་སྒར་བྲིས་་ཀྱི་ཆེད་རམས་པ་དགེ་ཁང་གསར་མཇམ་དཔལ།


   ང་ཚོས་ཁང་གསར་འཆི་མེད་ལགས་ལ་བཅའ་འདྲི་བྱས་ནས་ཤེས་རྟོགས་བྱུང་བར་བལྟས་ན།  འཇམ་དཔལ་ནི་ལྷ་བཟོ་བ་མཁས་ཅན་ཐང་བླ་ཚེ་དབང་གི་ཐུན་མིན་གྱི་རི་མོའི་སློབ་མ་ཡིན་ལ།ཆོས་ཕྱོགས་ནས་རྩ་བའི་བླ་མའང་ཡིན་པ་མ་ཟད། ཐང་བླ་ཚེ་དབང་དང་ཁོང་གཉིས་མི་ཚེ་ཧྲིལ་པོར་ཕན་ཚུན་འབྲལ་ཐབས་མེད་པའི་གྲོགས་པོའང་ཡིན་པ་རེད། དེའང་འཆི་མེད་དང་རྡོ་མཆོག་གཉིས་ནི་འཇམ་དཔལ་གྱི་ཚ་བོ་ཡིན་ལ། དེ་སང་ཁམས་ཕྱོགས་ལ་ཀརྨ་སྒར་བྲིས་ཀྱི་ལུགས་རང་རྐང་ཐུབ་པ་ཁོང་གཉིས་ལས་ལྷག་པ་ཞིག་མེད་པ་ལྟ་བུར་གྱུར་ཡོད་པས།  ཁོང་གཉིས་ཆུང་དུས་ནས་ཞང་པོ་བླ་མ་འཇམ་དཔལ་ལས་རི་མོ་སློབ་པའང་ཀུན་གྱིས་ཤེས་གསལ་ལྟར་ལས་ཞུ་མ་དགོས་པའོ།།འཇམ་དཔལ་གྱི་རྣམ་ཐར་ཤེས་མཁན་ཡང་ཁོང་གཉིས་ལས་གཞན་ཉུང་བ་མ་ཟད།  ཐང་བླ་ཚེ་དབང་གི་རི་མོའི་སློབ་མ་གཙོ་བོ་འཇམ་པ་དང་དར་རྒྱས་གཉིས་རེད་ཅེས་མིང་ཙམ་ལས་རྣམ་ཐར་དུ་བཀོད་པ་ནི་ད་བར་མ་མཐོང་།དེ་རིང་ང་ཚོས་འཆི་མེད་ལ་བཅར་འདྲི་བྱས་པ་སྟེ།ཁོང་གིས་ང་ཚོའི་ཨ་ཁུ་འཇམ་དཔལ་ནི་ས་འབྲུག་   ལོ་སྟེ་སྤྱི་ལོ་༡༩༢༨་ལོར་སྡེ་དགེ་རྫོང་དཔལ་སྤུངས་ཤང་མེ་ལིང་གྲོང་སྡེ་དུད་མིང་ཁང་གསར་ཚང་ཞེས་པར་ཡབ་ལྷུན་མགོན་དང་ཡུམ་ཨ་ཆོས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་རེད།  དེའང་བུ་སྤུན་གསུམ་ཡོད་པ་ལས་ཁོང་རྡོར་བྲག་དགོན་དུ་གྲྭ་པར་བྱས། དགོན་པའི་ཐིག་རྡུལ་ཚོན། འདོན་རྟ་དབྱངས།འབུད་རྡུང་དཀྲོལ་གསུམ། ཤིང་ཆོ་ག་ཕྱག་ལན་བཅས་སྦྱངས་ནས་མཁས་པར་གྱུར།  ཁོང་ནི་ལྷན་སྐྱེས་ཀྱི་བག་ཆགས་རི་མོར་དགའ་ཞེན་ཆེ་བས།ནམ་རྒྱུན་ས་དང་རྡོ་ལེབ་ཐོག་ལ་མཛུབ་གུས་རི་མོ་བྲིས་པ་དང་། སོལ་བས་གྱང་ངོས་སུ་སྲོག་ཆགས་སྟག་གཟིག །བྱ་རིགས་འདྲ་མིན་སྣ་ཚོགས་དང་ལྷ་ཡི་གཟུགས་བརྙན་སོགས་རི་མོ་བྲིས་ནས་དུས་ཚོད་ཡོལ་བར་ལས།དཔལ་སྤུངས་དགོན་ནང་བླ་མ་ཚེ་དབང་བཞུགས་ཡོད་ཀྱང་། ཐོག་མར་བླ་མ་ཕྱག་ལས་མང་བས་གཅར་ཕོད་མེད་པ་འདྲ། དེ་དུས་རྡོར་བྲག་དགོན་དུ་ཁོང་གི་ཞང་པོ་བླ་རྒན་རིག་གསལ་ཟེར་བ་ཞིག་ཡོད་པ་དེས་བླ་མ་ཚེ་དབང་ལ་ཞུས་ནས་ད་གཟོད་བླ་མའི་སྐུ་མདུན་ལ་གཅར་བའི་གོ་སྐབས་བྱུང་བ་རེད། ལོ་བཅོ་ལྔ་བཅུ་དྲུག་ཙམ་གྱི་ཐོག་ནས་བཟུང་བླ་མ་ཚེ་དབང་གི་སྐུ་མདུན་དུ་ལོ་མང་པོའི་རིང་ལ་རི་མོ་སྦྱངས་ནས་ཞལ་ཐང་ཞི་དྲག་ཅི་དགོས་འབྲི་ཤེས་པ་མ་ཟད།སི་ཏུ་པདྨ་དབང་མཆོག་གིས་དཔལ་སྤུངས་བཤད་གྲྭ་གསར་བཞེངས་སྐབས་གནས་བཅུ་ལྷ་ཁང་གི་གྱང་ལྷ་འབྲི་འགོ་ཚུགས་ཏེ་བླ་མ་ཚེ་དབང་གིས་སྐྱ་རིས་གནང་བར་ཁོང་ཡང་ལྷ་གཡོག་བྱས་ཏེ་ལྷ་བཟོ་བ་དངོས་གཞིར་ཆགས་པ་དང་།  དཔལ་ལྡན་མཁྱེན་བརྩེའི་འོད་ཟེར་སྐབས་ཡང་ཁྲོད་སྒྲུབ་སྡེ་ལ་བཀའ་བརྒྱུད་གསེར་ཕྲེང་གྲས་ཐང་འབྲི་དུས་ཁོང་གིས་སྒར་པའི་ལྷ་བཟོ་བསོད་ནམས་ཉི་མ་བསྟེན་ནས་སྐར་མ་སྒར་བྲིས་ལུགས་ལ་སློབ་སྦྱོང་བྱས། ཀུན་གྱིས་འཇམ་དཔལ་ཞིབ་ཆ་ལ་དགའ་ཞིང་བརྩོན་འགྲུས་ཆེ་བ། མི་གཞི་བཟང་བས་ལྷ་བྲིས་འགྲན་ཟླ་མེད་པ་རེད་གསུངས་བར་གྲགས།དེ་ནས་ཐང་བླ་ཚེ་དབང་དང་འབྲལ་ཐབས་མེད་པའི་གྲོགས་པོའང་གྱུར་ལ།  རི་མོའི་ཤེས་བྱ་ཡང་ཆ་ཚང་བླ་མའི་མདུན་ནས་སྦྱོང་ཡོད་པ་རེད་གསུངས།  བླ་མ་ཚེ་དབང་གིས་ཀརྨ་སྒར་བྲིས་ལུགས་དང་།  སྨན་ལུགས་དགོངས་ནའང་ཨ་ཞང་གིས་གཙོ་བོ་ཀརྨ་སྒར་བྲིས་གསར་མའི་ལུགས་ལྟར་ང་ཚོར་བསླབ་པ་རེད།  འོན་ཀྱང་རི་མོའི་ལུགས་སོ་སོར་མ་འདྲེས་པ་དབྱེར་འབྱེད་ཤེས་པ་མ་ཟད་ང་ཚོ་ལའང་རྒྱུན་དུ་རི་མོའི་ལོ་རྒྱུས་མང་པོ་གསུངས་མྱོང་།ཐང་ག་ལྟ་ཤེས་མཁན་ཞིག་གིས་བལྟས་ན་འདི་ཁང་གསར་འཇམ་དཔལ་གྱིས་བྲིས་པ་རེད་ཟེར་བའི་ཁྱད་ཆོས་ཅུང་མི་འདྲ་བ་ཞིག་ཀྱང་ཡོད་པ་སྟེ།མ་གཞི་འབྲི་རྒྱུན་ཀརྨ་སྒར་བྲིས་ཡིན་པ་གཞིབཞག་ཐོག་པིར་ཁ་སྐོར་སྟངས་ལ་ཁྱད་ཆོས་ཅུང་ཡོད་པ་རེད།  ཁོང་རི་མོ་འབྲི་བ་ཙམ་མ་ཡིན་པ་ལྷ་སྐུ་བརྐོས་བླུགས་ལའང་ཆ་རྒྱུས་ཆེན་པོ་ཡོད་པས་དུས་འགྱུར་སྐབས་གཏོར་སྐྱོན་ཐེབ་པའི་ལྷ་སྐུ་ཆག་གྲུམ་སོང་བ་ལ་ལྐོག་ཏུ་ཞིག་གསོས་བྱས་པའང་དངོས་སུ་མཐོང་མྱོང་།ཁོང་གི་ཚེར་སྤྱིར་དུས་འགྱུར་དང་ཐུག་པ། སྒོས་སུ་ཐང་ག་རེ་རེ་བྲིས་པ་དེའང་ཞིབ་ཆ་ཆེ་བྲག་ནས་ཐང་ག་མང་པོ་ཞིག་བྲིས་ཡོད་མ་རེད།དུས་འགྱུར་སྐབས་བྲིས་པའི་ཁྱད་ཆོས་ཅན་གྱི་ཐང་ཀ་ཡི་དམ་སྐོར་གྱི་ཐང་ནག་ཚེ་བདག་དང་།  ཕུར་པ།   ཐུགས་སྒྲུབ་གསུམ་ད་ལྟ་རྡོར་བྲག་དགོན་དུ་ཡོད་རེད།ཁོང་གི་དུས་རྒྱུན་ཐང་ག་མ་འབྲི་སྔོནགྱི་ཞོགས་པར་ཞལ་འདོན་ཆ་ཚང་ཞིག་དཔེ་ཐོག་ནས་འདོན་པ་ལས་བློར་འདོན་སྲོལ་མེད།  སྔ་དྲོའི་ཇ་ཐེངས་གཅིག་གི་རིང་འདོན་དགོས་རེད། དེ་ནས་ལྷ་འབྲི་སའི་ཁང་པ་ཕྱག་བདར་གཙང་མ་བྱེད་པ་དང་།  སྤོས་ཀྱི་དྲི་བཟང་འཐུལ་བ་བྱེད་པ། ཁ་ལག་གཙང་མ་བཀྲུས་ཏེ་ད་གཟོད་གཞི་ནས་འབྲི་བའི་སྲོལ་ཡོད།  དུས་རྒྱུན་ང་ཚོ་ལ་ལྷ་འདྲི་བའང་ཆོས་སྤྱོད་ཀྱི་ཆོ་ག་ཞིག་ཡིན་པས་སྦྱོར་དངོས་མཇུག་གསུམ་ཚང་བ་བྱ་དགོས་རྒྱུ་གལ་ཆེ་གསུངས་པ་དང་། ལྷ་བཟོ་དེའང་དཀོན་མཆོག་གསུམ་ལ་དད་པ་ཆེ་བ་དང་།  གཙང་སྦྲ་ལྡན་པ།  མི་ཁྲོ་བ།   སྐུ་གཟུགས་བཞེངས་རྒྱུ་ལ་རབ་ཏུ་བཀུར་བ།གཡོ་སྒྱུ་མེད་པ། གཞན་ཕན་ལྷག་བསམ་ཀྱི་སེམས་བཟང་པོ་སོགས་ཀྱི་མཚན་ཉིད་ཀྱང་ཚང་དགོས་གསུངས་མྱོང་།དུས་རྒྱུན་དུ་ཁོང་གིས་ང་ཚོ་ལ་ལག་ཤེས་སྦྱོང་བ་ནི།  ཅི་བླུག་བསམ་ནས་སྣོད་ཁུག་དྲུབ་ལེ་རེད། ཨེ་རག་བསམ་ནས་ལག་ཤེས་སྦྱོང་ལེ་རེད། ཅེས་པའི་དཔེར་ལྟར་ཡིན་ནའང་། སྐུ་གཟུགས་དང་བྲིས་ཐང་བཞེངས་དུས་ཚེ་འདིའི་ཁེ་གྲགས་དང་འགྲན་སེམས་སོགས་ཀྱི་ཆེད་དུ་བཞེངས་མི་རུང་།མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར། ལྷ་བཟོ་བ་ཞིག་ལ་མཚོན་ན་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ་དང་།  ཐེག་ཆེན་ལ་འཇུག་པའི་སྒོ་སེམས་བསྐྱེད། སྔགས་ལ་འཇུག་པའི་སྒོ་དབང་ལྟ་བུ།  ལྷག་པར་དུ་རྒྱུད་སྡེའི་ཞལ་ཐང་འབྲི་བར་སྔགས་ལ་འཇུག་པའི་དབང་དང་། རྗེས་གནང་སོགས་འཐོབ་དགོས་པར་གཙོ་ཆེ། དེ་ལྟར་བྱུང་ན་ཆོས་རྒྱུན་བར་མ་ཆད་པ་དང་།   དམ་ཚིག་གི་སེལ་མ་ཞུགས་པ།རང་ཉིད་ཤེས་རབ་གསལ་བ།བྱིན་རླབས་ཀྱི་ཚན་ཁ་ཤིན་ཏུ་ཆེ་བ་ཡོད་དོ། །ཞེས་གསུངས་མྱོང་།  གཞན་ཡང་ལོ་ན་འཐོ་ཞིང་དབང་པོ་ཉམས་ཤིང་རྒས་འཁོགས་ཆགས་དུས་ཞལ་ཐང་འབྲི་རྒྱུ་ལ་མི་གཙོ་ཆོས་ལ་ཉམས་ལེན་གཙོ་གསུངས་ཏེ།  ཁོང་ཉིད་ཀྱིས་ཀྱང་དགུང་ལོ་ལྔ་བཅུ་ང་གྲངས་ནས་བཟུང་ངག་ཐོག་ནས་ལྷ་བཀོད་གནང་བ་ལས་ཐང་ཀ་འབྲི་རྒྱུ་མཚམས་འཇོགས་ཏེཉམས་ལེན་ལ་འབད་དེ་མཐར། བོད་རབ་བྱུང་བཅུ་བདུན་པའི་ས་ཕོ་སྟག་སྟེ་སྤྱི་ལོ་༡༩༩༨ལོར་སྐུ་གཤེགས།དུས་འགྱུར་སྐབས་ཁོང་མེ་ལིང་མཉམ་ལས་ཁང་གི་རྩིས་པ་རེད། མཚམས་རེར་རྩིས་པའི་ཟབ་སྦྱོང་འགྲོ་དགོས་ཏེ།  ནོར་རྩིས་ཀྱི་ཤེས་བྱ་ལ་ཆེས་མཁས་པ་ཡིན་པས་ལས་རོགས་ཚང་མས་ཁོང་དགེ་རྒན་དུ་བསྟེན་པ་རེད། མཉམ་ལས་ཁང་གི་ལོ་མཇུག་བགོ་བཤའ་རྒྱག་སྐབས་ཁོང་གིས་ཧ་ཅང་དོ་དན་བྱས་ཏེ་འདི་མི་དམངས་ཀྱིས་ངལ་རྩོལ་བརྒྱག་པའི་འབྲས་བུ་ཡིན་པས་སྒོར་ཟུར་གཅིག་ཀྱང་ནོར་མི་རུང་གསུངས། དེ་ལྟར་འཇམ་དཔལ་གྱི་ཚ་བོ་འཆི་མེད་ཀྱིས་གང་དྲན་ཐོལ་བྱུང་དུ་གསུངས་པ། ཁམས་པའི་རིག་གནས་ཞིབ་འཇུག་ཁང་གི་ལས་གྲ་བ་ཀུན་བཟང་དཔལ་མོས་སྒྲ་ཕབ་སྟེ་རྒྱ་ཡིག་ཏུའང་སྒྱུར་ཡོད་པ་རེད།།   

  • ལེ་ཚན་སྔོན་མ།: སྤྲུལ་པའི་ལྷ་བཟོ་ཐང་བླ་ཚེ་དབང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།