མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས།

ཀརྨ་རྒྱལ་མཚན།        2021-03-02

   

མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས།


    སྡེ་བཞི་དགེ་བཅུས་ཕྱུག་པའི་རྒྱལ་ཁབ།ཁམས་ཀྱི་རོང་ཆེན་བཞིའི་བྱེ་བྲག་བྱང་ཨ་ཏ་རོང་ དུ་གྲགས་པ་ཨ་ལོ་དིང་རིང་སྒང་དུ།ཡབ་ངག་དབང་ཚེ་རིང་དང་།ཡུམ་ཁྲ་འགུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ས་མོ་ཡོས་སྟེ་སྤྱི་ལོ༡༦༩༩རྒྱལ་ཟླའི་ཚེས་བཅུ་བདུན་ཉིན་འཁྲུངས།རྒྱལ་དབང་ཀརྨ་པ་བཅུ་གཅིག་ཡེ་ཤེས་རྡོ་རྗེ་མཆོག་གིས་ངོས་འཛིན་དང་འབྲེལ་དམ་རྫས་སྲུང་འཁོར་ཕྱག་མདུད་བཅས་བསྩལ།ཆུ་སྦྲུལ་ཏེ་སྤྱི་ལོ་༡༧༡༣ནག་པ་ཟླ་བའི་ཉ་ལ་འོག་མིན་ཐུགས་ཀྱི་གནས་མཆོག་མཚུར་མདོ་བོ་ལུང་གི་གདན་སར་གར་དབང་ཐམས་ཅད་མཁྱེན་པ་དཔལ་ཆེན་ཆོས་ཀྱི་དོན་གྲུབ་ཀྱིས་༧རྒྱལ་བའི་དབང་པོ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེ་མཆོག་དང་ལྷན་དུ་སེང་ཁྲིར་མངའ་གསོལ།ཡབ་སྲས་སོ་སོར་མཐིང་དམར་གྱི་ཅོད་པན་དབུ་ལ་འཆིང་བར་མཛད་ཅིང་མཆོག་གི་གྲལ་དུ་དབུགས་དབྱུང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། རྗེ་གོང་མའི་གསེར་ཐམ་དང་སྐུ་ཆས་སོགས་ཆེ་འདོན་གྱི་གནང་སྐྱེས་བསམ་གྱིས་མི་ཁྱབ་པ་བསྩལ།༧རྒྱལ་མཆོག་བཅུ་གཉིས་པ་དང་གར་དབང་བརྒྱད་པ་ལྷན་རྒྱས་རྒྱ་ནག་ཏུ་ཕེབས་སྐབས།

    ལྕགས་ཕག་སྟེ་སྤྱི་ལོ༡༧༣༡ཟླ༩ཚེས༡༠ཉིན་རྗེ་ཉིད་ཕྱག་ཕྱིར་ཕེབས་ཆོག་པར་ཞུས་ཀྱང་མ་གནང་། ཀར་ལུགས་ཆོས་སྤྱོད་ཀྱི་ཁ་སྐོང་དང་ཞུས་དག་བཅས་དཔལ་སྤུངས་སུ་སྤར་དུ་འཁོད་དགོས་ཚུལ་སོགས་ཀྱི་ཞལ་ཏ་དང་སྙིང་པོ་དོན་གྱི་བསྟན་པ་གཏད་ཅིང་རྒྱལ་མཆོག་ཡབ་སྲས་ཟུང་གི་རྒྱལ་ཚབ་ཏུ་དབང་བསྐུར་བའི་ཀུན་གོ་གཅིག་ཆོད་སློབ་མའི་ཚོགས་ཀྱི་གཙོ་བོ་དང་།རབ་དང་། ཕུལ་དུ་གྱུར་པར་དབུགས་དབྱུང་བར་མཛད་པ་ལྟར། ཀཾ་ཚང་ཆོས་སྤྱོད་ཆེན་མོའི་སྡེབ་སྒྲིག་དང་།སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་རིན་པོ་ཆེའི་རྣམ་ཐར་ཟླ་བ་ནོར་བུའི་ཆུ་ཤེལ་གྱི་ཕྲེང་བ། ནག་པོ་ལྕམ་དྲལ་ཕྲིན་ལས་ཀྱི་ཆོ་ག་བདུད་ལས་རྣམ་རྒྱལ་གྱི་སྒྲ་དབྱངས་སོགས་ལྗགས་རྩོམ་མཛད་དེ་རྒྱལ་མཆོག་མཐིང་དམར་ཡབ་སྲས་ཟུང་གི་དགོངས་པ་ཡོངས་སུ་བསྐངས་བར་མཛད།

     རྒྱལ་མཆོག་ཀརྨ་པ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་ཚེའི་སྟོད་ཙམ་ནས་བོད་ཀྱི་ཆབ་སྲིད་ཀྱི་ཡོ་ལང་ཆེས་ཆེར་འཁྲུགས་པའི་རྦ་ཀློང་གི་ཁྲོད་དུ་བཏུམས་ཤིང་། དགེ་སོག་མཆོད་ཡོན་ཟུང་གི་གནོན་ཤུགས་འོག་ཀརྨ་ཀཾ་ཚང་གི་ཆོས་བརྒྱུད་འདི་ཡི་བསྟན་བདག་ལ་བཀའ་ཁྲིམས་ཕོག་པ།བསྟན་པ་ཁ་བསྒྱུར་དུ་མཛད་པ། གསུང་རབ་དམ་རྒྱས་སུ་བཏབ་པ། ཆོས་སྡེ་མངའ་འོག་ཏུ་བཅུག་པ།ཅུང་ཟད་ལྷག་པ་རྣམས་ཀྱང་གཟེངས་སུ་ཐོན་པའི་ལུགས་ཟུང་གི་བྱ་བ་དང་།རླབས་སུ་ཆེ་བའི་མཛད་ཕྲིན་གྱི་གོ་སྐབས་འཕྲོག་པ་ནས་གཟུང་།ཀརྨ་ཀཾ་ཚང་གི་བསྟན་པ་ནི་སྣུམ་ཟད་ཀྱི་མར་མེ་ལྟར་ཧ་ཅང་ཉམས་ཆུང་དུ་གྱུར་པའི་དུས་ཡིན་པས་མ་ཟད།  རྒྱ་སོག་གི་འཇིགས་པས་ལམ་བཞུད་ཀྱི་གནས་སྐབས་སུ་ཐུགས་དམ་གྱི་བརྟག་པ་དང་།སྲུང་སྐྱོབ་ཀྱི་རྒྱབ་བརྟེན་ལ་རེ་འཆའ་དགོས་པའི་གཉན་འཕྲང་ཅན་གྱི་དུས་དེར།རྗེ་སི་ཏུ་པཎ་ཆེན་མཆོག་གི་གཟུ་བོར་གནས་པའི་ཐུགས་བསྐྱེད་དང་ཐབས་ལ་མཁས་པའི་མཛད་ཕྲིན་ལ་བརྟེན་ནས་ཆོས་སྲིད་གང་ལའང་ཕོག་ཐུག་མེད་པའི་ཁར་རྒྱབ་སྐྱོར་དང་རམ་འདེགས་སུ་གྱུར་ཏེ་མདོ་དབུས་ཀུན་ཏུ་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བསྟན་པ་དེ་ཉིད་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་མཛད་པའི་ཉེར་ལེན་གྱིས་ཀཾ་ཚང་གདན་ས་གཙོ་བོ་ཟུང་ཡན་ལག་དང་བཅས་པར་འཛིན་སྐྱོང་སྤེལ་བའི་མཐུན་རྐྱེན་བཟང་པོ་ལེགས་པར་བསྐྲུན་པར་མཛད།

     ཀཿཐོག་རིག་འཛིན་ཆེན་པོ་དང་རྒྱལ་བ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་རྣམ་གཉིས་དང་ཐུགས་དམ་དགོངས་མཐུན་གྱིས་རྒྱལ་མཆོག་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་མཆོག་དང་།  རྗེ་ཉིད་ཀྱིས་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྟེ་མཐིང་དམར་ཅོན་པན་འཆང་བ་ཟུང་དང་ཏྲེ་ཧོ་སྤྲུལ་སྐུ་བཅས་ངོས་འཛིན་དང་འབྲེལ། དགའ་ལྡན་ཕོ་བྲང་ཆེན་མོའི་གཞུང་རྩེ་ཤོད་ལས་ཆོག་མཆན་བཀའ་ཡིག་དོན་ཐོག་ཏུ་སྨིན་པར་མཛད།  

མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས།

    འབེ་ལོ་ཆེན་ཚེ་དབང་ཀུན་ཁྱབ་ཀྱིས།ཟབ་རྒྱས་ཆོས་དང་གདམས་པ་མ་ལུས་པ་ལྷག་མ་མེད་པ་བུམ་པ་གང་བྱོའི་ཚུལ་གྱིས་གནང་ཞིང་སྙིང་པོའི་དོན་གྱི་བསྟན་པ་གཏད་དེ། རྒྱལ་ཚབ་ཏུ་མངའ་གསོལ་བའི་སློབ་མའི་གཙོ་བོའམ་རབ་དང་ཕུལ་དུ་གྱུར་པ་དཔལ་ཀརྨ་པ་ཆེན་པོ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་དང་།ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྟེ་རྒྱལ་ཚབ་ཀྱི་སྐྱེས་བུ་དམ་པ་ཟུང་དང་གསུངས་པ་ལྟར། རྒྱལ་མཆོག་བཅུ་གསུམ་པར་རབ་བྱུང་དགེ་ཚུལ་གྱི་སྡོམ་པ་འབོགས་པས་ཐོག་དྲངས་མདོ་རྒྱུད་གསར་རྙིང་གི་དབང་ལུང་ཁྲིད་གསུམ་ཟབ་རྒྱས་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་མཛད་པས་རིགས་ཀྱི་བདག་པོར་མངའ་གསོལ། ཕྱིས་རྒྱལ་མཆོག་མཐིང་དམར་ཡབ་སྲས་སྔ་ཕྱིར་གདན་ས་དཔལ་སྤུངས་སུ་གདན་དྲངས་ཏེ་གསན་བསམ་སྒོམ་གསུམ་དང་མཛད་ཕྲིན་མཆོག་ཏུ་རྒྱས་པའི་མཐུན་རྐྱེན་ཞབས་ཞུ་ལྷད་མེད་གྲུབ་པར་མཛད། 

    རྗེ་ཉིད་སྔོན་སྦྱངས་སྐྱེས་ཐོབ་ཀྱི་རིགས་སད་དེ་སྐུ་ཆུང་ངུའི་དུས་ནས་རིག་པའི་གནས་མཐའ་དག་ཀློང་ནས་བརྡོལ་ཏེ་མ་ཧཱ་པཎྜི་ཏ་ཆོས་ཀྱི་འབྱུང་གནས་ཞེས་མཚན་སྙན་གྱིས་ཁྱབ་པར་གྱུར།ཐུན་མིན་གསུང་སྐྱེས་ཀྱི་བསྟན་བཅོས་བཀའ་འབུམ་པོད་བཅུ་བཞི་ཡོངས་སུ་གྲགས་པ་ལས་ནང་རིག་པ་སྐོར་དང་།  གཏན་ཚིགས་རིག་པ། སྒྲ་རིག་པ།  གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་དང་། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐུ་དུས་སུ་ཇི་བཞིན་མ་འགྱུར་བའི་རྒྱ་རྩིས་གསར་འགྱུར་དང་།འབྲུམ་བཅོས་སོགས་གསར་འགྱུར་སྨན་གྱི་སྐོར་སྣ་ཚོགས།སྒྲ་པཱ་ཎི་པ་དང་།དབྱངས་ཅན་སྒྲ་མདོ།མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་བསྒྱུར་བའམ་འགྱུར་བཅོས་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ།སུམ་རྟགས་ཀྱི་འགྲེལ་ཆེན་མུ་ཏིག་ཕྲེང་མཛེས་སམ་སི་ཏུའི་འགྲེལ་ཆེན་ནི། བོད་ཀྱི་སུམ་རྟགས་འགྲེལ་བའི་ནང་ནས་ཆེས་རྒྱས་ཤོས་དང་གཏིང་མཐའ་ཆོད་པར་བརྟག་ཅིང་དཔྱད་པ་དང་། དེ་བཞིན་དུ་སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་སྔ་ཕྱིའི་མཁས་པ་མང་པོས་རྒྱ་གཞུང་དང་བསྟུན་ནས་འགྱུར་བཅོས་དང་དག་ཐེར་རིམ་པར་མཛད་པ། སི་ཏུ་པཎ་ཆེན་གྱིས་སླར་ཡང་རྒྱ་དཔེ་དང་གཏུགས་ཏེ་རྣམ་པར་དཔྱད་ནས་ཤིན་ཏུ་དག་པར་བཅོས་ཏེ་སྐད་གཉིས་ཤན་སྦྱར་མཛད་པ་དང་། སྙན་ངག་མེ་ལོང་གི་འགྲེལ་པ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་(༡༧༣༣--༡༧༧༩)མཛད་པའང་རྗེ་ཉིད་ཀྱི་གསུངས་ལས་མ་འདས་ཏེ་མཚན་དོན་ལས་རྒྱན་གྱི་བསྟན་བཅོས་མེ་ལོང་པན་ཆེན་བླ་མའི་གསུང་བཞིན་བཀྲལ་བ་དབྱངས་ཅན་ངག་གི་རོལ་མཚོ་ལེགས་བཤད་ནོར་བུ་འབྱུང་ཁུངས་ཞེས་བྱ་བ་བཞུགས་སོ། །ཞེས་པ་ལ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད་ནང་དུ་ཡང་།ཤོང་དཔང་སོགས་བོད་འགྱུར་དང་། བོད་འགྲེལ་སྐད་གྲགས་ཆེ་བ་མཚམས་སྦྱོར་གནང་བའི་མཇུག་བསྡོམས་སུ། དེ་དག་གི་ནང་ནས་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མས་མཛད་པའི་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོ་ནི།རང་ཉིད་ཀྱི་བླ་མ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་རྒྱ་འགྲེལ་རྒྱ་དཔེ་མ་གཉིས་ཀྱི་སྟེང་ནས་གསུང་བཤད་གནང་བའི་ཟིན་བྲིས་གཞིར་བཟུང་ནས་བྲིས་པ་ཡིན་སྟབས།སྙན་ངག་མེ་ལོང་གི་འགྲེལ་པའི་ནང་ནས་རྒྱས་ཤོས་སུ་འདུག་པ་མ་ཟད། སྔ་འགྲེལ་རྣམས་ལས་ཆེས་གསལ་ཞིང་། ལེགས་བཤད་ཆེ་བ།བློ་གྲོས་ཆེ་བ་རྣམས་ཀྱིས་གཞུང་དེ་ཉིད་བལྟས་ན་བཟང་། ཞེས་གསུངས་པ་ནི་སྙན་འགྲེལ་འདིའི་ཕྱོགས་བསྡོམས་གཏིང་ཟབ་མོ་ཞིག་རེད།ཅེས་པ་ཁོ་ནའི་འགྲོ་དོན་ཡང་གངས་ཅན་བོད་ཀྱི་སྐད་ཡིག་གི་ལམ་ནས་རིག་པའི་གནས་ལ་འཇུག་པར་སྤྲོ་བ་ཡོངས་ཀྱི་ལྟ་བྱེད་ཀྱི་མིག་གཅིག་པུར་གྱུར་པ་འདིས་མཚོན་ནུས་སོ། །

མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས།

    རྗེ་ཉིད་ཀྱི་རྣམ་དཔྱོད་ལས་འཁྲུངས་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་རྟོགས་བརྗོད་ཀུན་མཁྱེན་བླ་མ་ཉིད་ཀྱི་གསུང་ལས་ཚོན་དང་རི་མོའི་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་ལུགས་བཟང་གིས།  །ཡུལ་དང་ཁང་བཟང་ཆ་ལུགས་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སངས་རྒྱས་དེ་སྲས་བཅས་ཕྱོགས་གཟུགས།།དུས་འཁོར་སྡོམ་པ་འབྱུང་རྒྱུད་སོགས། །དཔལ་གྱི་མགུལ་ནས་གསུངས་ཇི་བཞིན།།ཆ་ཚང་རྣམས་ལ་ཡིད་དགར་གྱིས།།སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །བྱང་པ་བྱེའུ་སྒར་བྱིས་པའི།།རྣམ་དཔྱོད་དེ་ཀུན་འདིར་ལྡན་མོད།།ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །ཀླུ་ཡིས་སྤྲུལ་པའི་བཟོ་རྒྱུན་ཅན། །འཕགས་ཡུལ་ནུབ་ཕྱོགས་ཁ་ཆེ་བའི། །བཟོ་སྦྱོང་འཇིག་རྟེན་དབང་ཕྱུག་གི །རི་མོའི་སྒྱུ་རྩལ་སྤུན་ཟླར་གྲུབ།།ཅེས་གསུངས་པ་ལྟར།སྟོན་པའི་སྐྱེས་རབས་དང་།སྐྱེས་རབས་དགེ་ལེགས་དུ་མ།ཐུབ་དབང་གནས་བ་རྟན་འཁོར་བཅས།གནས་བཅུ་རྒྱ་གར་མ། བཀའ་བརྒྱུད་གསེར་ཕྲེང་། གྲུབ་ཆེན་བརྒྱད་ཅུའི་ཞལ་ཐང་སོགས་དང་། རྒྱུད་སྡེའི་ཞལ་ཐང་སོགས་སྒྱུ་རྩལ་གྱི་ཁྱད་པ་འབུར་དུ་ཐོན་པའི་ཞལ་ཐང་མང་པོ་ཕྱག་བསྟར་མཛད། ཕྱག་རྩལ་གྱི་རི་མོ་གཅིག་ལའང་རྒྱ་དཀར་ནག་བོད་གསུམ་གྱི་རི་མོ་དང་།སྨན་ཐང་གསར་རྙིང་དང་།མཁྱེན་རིས།  སྒར་རིས་སོགས་ཀྱི་རི་མོའི་ཉམས་དང་རྣམ་འགྱུར་མ་ཚང་མེད་པའི་མཛེས་ཆོས་ཆ་ཚང་སོགས་ལ་སྔར་ནས་ད་བར་ཕྱི་ནང་མཁས་དགུས་མཇལ་བ་ཙམ་གྱིས་ཡིད་འཕྲོད་ཅིང་གདུང་བ་སེལ་བ་དང་།ལྷག་པར་ཚན་རྩལ་རིག་པ་རླུང་ལྟར་བདོ་བའི་སྐབས་འདི་དག་ཏུའང་འཛམ་གླིང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སོགས་ཀྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དང་། སྙན་གྲགས་ཆེ་བ་ཨ་རི་ནིའུ་ཡོཀ་གི་རུ་འབིན་འགྲེམས་སྟོན་ཁང་སོགས་སུ་ངོམ་བྱའི་གཙོ་བོ་ཞིག་ནི་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོག་གི་ངོ་མཚར་བའི་ཕྱག་རྩལ་གྱི་རི་མོ་རྣམས་ཡིན་པའི་བསྔགས་བརྗོད་ཀྱི་སྒྲ་དབྱངས་བསྒྲགས་དང་སྒྲོག་བཞིན་པའོ། །

    སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་དབུ་ཡི་མཆོད་གནས་སུ་བཀུར་ཏེ་གདན་ས་བཞེངས་པར་གསོལ་བ་བཏབ་ཅིང་།དགོན་པ་ཆོས་སྡེ་རྒྱ་ཆེན་པོ་ཕུལ་བ་ལྟར་ཞལ་གྱིས་བཞེས། མེ་ལུག་སྟེ་སྤྱི་ལོ་༡༧༢༧ནག་པ་ཅན་གྱི་ཚེས་གཉིས་རེས་གཟའ་ཕུར་བུ་ཉིན་དབུ་བརྩམས་ཏེ་གདན་ས་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས།ཚེས་བཅུ་གསང་འདུས་ལེ་བརྒྱད་མ་དང་།མགོན་སྒྲུབ་དགུ་གཏོར་ཆེན་མོ།མར་ལུགས་རྒྱུད་སྡེ་ཁག་གི་སྒྲུབ་མཆོད་སོགས་གསར་དུ་བཙུགས་ཏེ་ཐུན་མིན་དཔལ་ལུགས་ཀྱི་སྲོལ་བཏོད་པས་མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་པོ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་སྙན་གྲགས་ཀྱིས་ཁྱབ་པ་ནས་བོད་གངས་ཅན་གྱི་ལྗོངས་སུ་ཀཾ་ཚང་བཀའ་བརྒྱུད་ཀྱི་གདན་ས་དཔལ་མཚུར་གཉིས་ཞེས་ཡོངས་སུ་གྲགས་པའི་ཡ་གྱལ་དུ་བཀུར།གདན་ས་དེའི་དགོན་ལག་གཙོ་བོ་ཀཾ་ཚང་དང་གཞན་ཡང་ཆོས་ལུགས་ཆེན་པོ་ཁག་མ་ཚང་བ་མེད་པའི་དགོན་སྡེ་བརྒྱ་དང་བརྒྱད་ཅུ་དང་ཆོས་སྡེ་ཆེན་པོ་བཅོ་བརྒྱད་གཙོས་པའི་བསིལ་ལྡན་ཁ་བའི་ལྗོངས་ཆེན་གྱི་ཁྱོན་ཀུན་ཏུ་རྗེ་སི་ཏུ་པཎ་ཆེན་གྱི་མཁྱེན་རབ་དང་མཛད་ཕྲིན་གྱི་སྣང་བ་ཕྱོགས་མེད་དུ་བརྡལ་བས་གསར་རྙིང་མཐོང་རྒྱུད་ཀྱི་ཕྱག་བཞེས། ཐུན་མིན་མདོ་སྔགས་ཀྱི་གཞུང་ལུགས། ཐུན་མོང་གནས་བཅུའི་རིག་པ་སོགས་གང་ལ་འཇུག་ཀྱང་ཆགས་ཐོགས་རྨོངས་པ་མཐུག་པོའི་གོ་སྐབས་མཐའ་དག་ལས་རིང་དུ་བྱས་སོ། །ས་སྐྱོང་སྡེ་དགེའི་གདུང་རབས་ཞེ་ལྔ་པ་ཆོས་རྒྱལ་བསྟན་པ་ཚེ་རིང་དང་ཀུན་མཁྱེན་མ་ཧཱ་པཎྜི་ཏ་སི་ཏུ་ཆོས་ཀྱི་འབྱུང་གནས་མཆོད་ཡོན་དད་དམ་ནང་མཐུན་པ་ལས་སྡེ་དགེའི་བཀའ་འགྱུར་ཆེན་མོ་གསར་བཞེངས་དང་ཞུས་དག་ཁ་སྐོང་སོགས་ཚིག་དོན་གཉིས་ཀར་དག་གཙང་དུ་གཏན་ལ་ཕབ་སྟེ།རྒྱལ་བའི་བཀའ་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཕྱི་མོར་བསྐྲུན་པར་མཛད་དེ།བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་བྱེ་བའི་ཟླ་འོད་གཞོན་ནུའི་འཁྲི་ཤིང་ཞེས་བྱར། བདག་ཅག་གི་སྟོན་པས་གང་དུ་བྱང་ཆུབ་བརྙེས་པའི་སྣོད་བཅུད་ཀྱི་འཇིག་རྟེན་བཤད་པ་དང་། བདག་ཅག་གི་སྟོན་པ་ཉིད་ཀྱིས་སྔོན་བྱང་ཆུབ་ཀྱི་ལམ་དུ་ཇི་ལྟར་གཤེགས་པའི་ཚུལ།བདག་ཅག་གི་སྟོན་པ་རྣམ་འདྲེན་ཤཱཀྱའི་དབང་པོའི་མཛད་པ་མདོ་ཙམ། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་དང་བཀའ་བསྡུའི་བྱུང་བ། རྒྱལ་བའི་བསྟན་པ་ཛམ་བུ་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ།རྒྱལ་བའི་གསུང་རབ་གངས་རིའི་ཁྲོད་དུ་དེང་སང་ཇི་ཙམ་སྣང་བ་པར་དུ་བསྒྲུབས་པའི་བྱུང་བ་དངོས།བཞུགས་བྱང་དཀར་ཆག་དངོས།དེ་ལྟར་བཞེངས་པའི་དགོས་ཆེད་ཕན་ཡོན་དང་བསྔོ་སྨོན་དང་བཅས་པ་ལེགས་པར་བཤད་པ་སྐབས་བརྒྱད་ཀྱི་བདག་ཉིད་ཅན་ནོ། །

    རྒྱལ་བ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གཙོས་པའི་དགའ་ལྡན་ཕོ་བྲང་གཞུང་རྩེ་ཤོད་དབུས་དང་ས་གནས་གཞུང་ཞབས་ཀུན་གྱིས་གཟིགས་བཟོས་བདག་རྐྱེན་ཆེ་ཞིང་ལུགས་གཉིས་ཀྱི་འབྲེལ་བ་ཧ་ཅང་ཟབ། མདོར་ན།སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང་ཡབ་སྲས། བལ་ཡུལ་ཡམ་བུའི་རྒྱལ་པོ་དང་། ཁོ་ཁོམ་རྒྱལ་པོ།གྷོར་ཁའི་རྒྱལ་པོ།རྒྱལ་རོང་ཚ་ཀོའི་རྒྱལ་པོ།ཁམས་ལྷ་ཐོག་རྒྱལ་པོ།གླིང་ཚང་རྒྱལ་པོ། ནང་ཆེན་རྒྱལ་པོ།འཇང་ས་ཐམ་རྒྱལ་པོ། རྡོ་རྟོད་སྨད་ཀྱི་དཔོན་ཆེན། སྟོད་མངའ་རིས་ཀྱི་དཔོན་ཆེན།རྒྱ་ནག་གོང་མ་རྒྱལ་བློན་དཔོན་ཆེན་སོགས་ཀྱིས་རིགས་བདག་ཏུ་བཀུར་ཞིང་མཆོད་ཡོན་དམ་གཙང་གི་འབྲེལ་བ་ཟབ་མོས་རྒྱལ་བསྟན་གྱི་དབུ་འཕང་དགུང་དུ་གཏོད་ཅིང་།སྤྱི་ཚོགས་དང་ཁོར་ཡུག་གི་བདེ་འཇགས་ངང་གིས་གྲུབ་པ་སོགས་རྒྱལ་ཁམས་ཞི་བདེར་གནས་པའི་མཛད་བཟང་གིས་དུས་འདའ་བར་མཛད། 

མ་ཧཱ་པཎྜི་ཏ་ཀྭན་ཏིང་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས།

      རྗེ་སི་ཏུ་པཎ་ཆེན་ཉིད་ཀྱི་ཞལ་ནས། དེས་ན་རྒྱལ་བས་དམ་ཆོས་བསྟན་ཀུན་དང་། །བོད་དུ་དེ་དག་གདམས་ངག་གང་སྒྲིལ་བ།།ཕྱག་རྫོགས་ཞི་བྱེད་གཅོད་ཡུལ་ལམ་འབྲས་དང་།།སྦྱོར་དྲུག་ལ་སོགས་ཇི་སྙེད་མཆིས་པ་ཀུན། །རང་སེམས་འདུལ་ཕྱིར་བསྟན་པའི་གནད་གཅིག་པས།།ཀུན་ལ་གུས་བྱ་ཀུན་གྱི་སྙིང་པོ་ཡིན། །ཀུན་དང་འགལ་མེད་གཅིག་ཆོག་ཉམས་སུ་བླང་།།གསུངས་པ་ལྟར་བསྟན་པ་མཐའ་དག་ལ་དག་སྣང་མཆོག་ཏུ་ཡངས་པས་མར་པ་བཀའ་བརྒྱུད་དང་།ཤངས་པ་བཀའ་བརྒྱུད།སྔ་འགྱུར་དང་སྦྱོར་དྲུག་གཙོས་རིས་མེད་པའི་བསྟན་པ་དང་རིག་གནས་མཐའ་དག་གི་འབྱུང་གནས་དཔལ་སྤུངས་ལྔ་རིག་སློབ་གླིང་ཞེས་གནས་བཅུ་རིག་པའི་འབྱུང་ཁུངས་གསར་དུ་བཙུགས་ཏེ།མཁས་བཙུན་བཟང་གསུམ་འཛོམས་པའི་རིས་མེད་གསུང་སྐྱེས་ཀྱི་སློབ་ཚོགས་མང་པོས་ཐོས་བསམ་སྒོམ་གསུམ་དང་འཆད་རྩོད་རྩོམ་གསུམ་བསྟུད་མར་མཛད་པས། ཟབ་རྒྱས་ཆོས་ཀྱི་གདམས་པ་མ་ལུས་བུམ་པ་གང་བྱོའི་ཚུལ་གྱིས་གནང་ཞིང་སྙིང་པོ་དོན་གྱི་བསྟན་པ་གཏད་དེ་རྒྱལ་ཚབ་ཏུ་མངའ་གསོལ་བའི་སློབ་མའི་གཙོ་བོའམ་རབ་དང་ཕུལ་དུ་གྱུར་པ་དཔལ་༧རྒྱལ་བའི་དབང་པོ་བཅུ་གསུམ་པ་བདུད་འདུལ་རྡོ་རྗེ་མཆོག་གིས་གཙོས་མཆོག་དང་དམ་པར་གྱུར་པ་འགའ་ཞིག་གི་མཚན་སྨོས་ན། གངས་ཅན་གྱི་འཛིན་མར་རིས་མེད་ཐུབ་བསྟན་གྱི་སྣང་བྱེད་ཆེན་མོ་ཀཿཐོག་རིག་འཛིན་ཚེ་དབང་ནོར་བུ།སྙན་ཚིག་ངག་གི་རོལ་མོ་འཁྲོལ་བ་ལ་འགྲན་ཟླ་དང་བྲལ་བ་མདོ་ཁམས་པ་བསྟན་འཛིན་ཆོས་ཀྱི་ཉི་མ། རིག་གནས་སྤྱི་དང་བྱེ་བྲག་གསོ་བ་རིག་པའི་སློབ་ཚོགས་ཀུན་གྱི་ཐུ་བོ་རྗེ་ཉིད་ཀྱི་དབོན་ཀརྨ་ངེས་ལེགས་བསྟན་འཛིན། བརྡ་སྤྲོད་རིག་པ་གཙོ་བོར་གྱུར་པའི་རིག་པའི་གནས་ཀུན་ལ་ཐེ་ཚོམ་གྱི་འཆིང་བ་བཅད་པའི་མ་ཧཱ་པཎྜི་ཏ་ཞབས་དྲུང་མདོ་མཁར་ཚེ་རིང་དབང་རྒྱལ། སྒོ་མང་པཎ་ཆེན་འཇམ་དབྱངས་བཞད་པའི་ཡོངས་འཛིན་དུ་བཞེས་པ་མཁར་ནང་དབོན་པོ་ཀུན་དགའ་སངས་རྒྱས། གཞུང་ས་མཆོད་ཡོན་དང་ཆབ་མདོ་ཞི་བ་ལྷའི་སྐུ་ཞབས་ཀྱིས་སློབ་དཔོན་དུ་བཀུར་བ་སྒྲ་རམས་པ་སངས་རྒྱས་མཆོག་གྲུབ།རིག་པའི་གནས་ཀུན་དང་ལྷག་པར་སྒྲ་རྩིས་རིག་པ་ལ་ཐུན་མིན་གྱི་མཁྱེན་རླབས་མཚུངས་ཟླ་མ་མཆིས་པ་འབེ་ལོ་ཚེ་དབང་ཀུན་ཁྱབ་སོགས་ཞབས་པད་ཡུན་དུ་བསྙེན་པའི་སློབ་ཚོགས་དོན་དམ་གནས་ལུགས་མཇལ་བའི་རྟོགས་ལྡན་གྱི་རྣལ་འབྱོར་དང་། ཐ་སྙད་རིག་ལམ་འཛིན་པའི་བློ་ལྡན་མཁས་པའི་ཚོགས་ཏེ། ཚུལ་དགུས་མཛེས་པའི་མཁས་གྲུབ་ཀྱི་སྐྱེ་བོས་ནོར་འཛིན་ཡངས་པའི་ཁྱོན་ཀུན་འགེངས་པར་མཛད་པས་མ་ཧཱ་པཎྜི་ཏ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཀྱི་ཞལ་རྒྱུན་དང་ཕྱག་རྒྱུན་ཆད་མེད་དེང་གི་བར་དུ་གངས་ལྗོངས་རིག་པ་མཐའ་དག་ཡུན་དུ་གནས་པ་དང་གོང་དུ་སྤེལ་བའི་འཚོ་བྱེད་ཀྱི་མཆོག་ཏུ་བཞུགས་པ་སོགས་དུས་ཕྱིས་རྗེ་འདི་དང་མཉམ་པའི་ཐུགས་བསྐྱེད་དང་མཛད་ཕྲིན་ཅན་འགའ་ཡང་མ་བྱུང་ཞེས་མགྲིན་པ་གཟེངས་སུ་བསྟོད་དེ་སྨྲ་བར་རྔོ་ཐོགས་སོ།དེ་ལྟར་སྐུ་ཚེ་དེར་རིས་མེད་བསྟན་པ་ཆ་ལག་དང་བཅས་པའི་བ་དན་ཕྱོགས་བཅུར་བསྒྲེངས་ཤིང་། བོད་ཀྱི་ཡུལ་གྲུ་ཀུན་དང་།རྒྱ་གར།བལ་ཡུལ།རྒྱ་ནག །འཇང་བཅས་སུ་ཕེབས་ནས་ཡུལ་དེ་དག་གི་མཁས་པ་རྣམས་དང་ཆོས་ལུགས་རིག་གནས་ཀྱི་བགྲོ་གླིང་གནང་།ཕྱོགས་མེད་འགྲོ་བ་ཡོངས་ཀྱི་མགོན་དཔུང་བླ་མེད་དུ་བཞེངས་པའི་མཛད་པ་མཐའ་དག་མཐར་ཕྱིན་ཏེ།དགུང་གྲངས་བདུན་ཅུ་དོན་དྲུག་སྟེང་། རབ་བྱུང་བཅུ་གསུམ་པའི་ཤིང་ཕོ་རྟ་སྟེ།སྤྱི་ལོ་༡༧༧༤ཧོར་ཟླ་༢ཚེས་༢༤ཉིན་སྲོད་འཁོར་ཡོལ་ཙམ་དུ་ཧོར་མཎྜལ་ཐང་དུ་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ།། །།

  • ལེ་ཚན་སྔོན་མ།:འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་རྣམ་ཐར།
  • ལེ་ཚན་རྗེས་མ།: སྤྲུལ་པའི་ལྷ་བཟོ་ཐང་བླ་ཚེ་དབང་།
  • དོ་སྣང་ཆེ་བའི་རྩོམ།