སྐུ་བཅར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་ལགས་ཀྱི་མཛད་རྣམ་རགས་བསྡུས།

བཀྲ་ཤིས་ཆོས་ལྡན།        2015-03-31

སྐུ་བཅར་སྤྲུལ་སྐུ་ཡོན་ཏན་རྒྱ་མཚོ་ལགས་ཀྱི་མཛད་རྣམ་རགས་བསྡུས།

དེ་ཡང་ལུང་རྟོགས་ཡོན་ཏན་དུ་མས་རབ་ཏུ་ཕྱུག་ཅིང་སྙིང་རྗེ་དང་ལྷག་བསམ་སོགས་ཀྱིས་མངོན་པར་མཛེས་པའི་སྐུ་བཅར་ཡོན་ཏན་རྒྱ་མཚོ་མཆོག་ནི།   མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ཁོངས་སུ་ཆགས་པའི་མགར་ཐར་བྱམས་པ་གླིང་གི་ཤར་ཕྱོགས་མན་ཆོད་རང་འཐག་ཁ་ཞེས་པར་སྤྱི་ལོ༡༩༦༣ལོར་ཡབ་བསོད་ནམས་དཔལ་ལྡན་དང་ཡུམ་བསོད་ནམས་དབང་མོ་གཉིས་ལས་མཚན་དཔེའི་ལང་ཚོ་མངོན་པར་འཛུམ།    ཁོང་ནི་ཆུང་དུས་ནས་བཟུང་ཐ་མལ་བའི་སྤྱོད་པ་རིང་དུ་དོར་ཞིང་ཚུལ་མཐུན་གྱི་སྤྱོད་བཟང་དུ་མ་རང་ཆས་སུ་མངའ་བར་མ་ཟད།   རང་འཐག་ཁ་པ་ཚང་གི་སྲས་གཅིག་པུ་ཞེས་རྒན་གཞོན་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བའི་འོག་ནས་འཚར་ལོངས་བྱུང་།  སྤྱི་ལོ༡༩༧༢ ལོ་ནས༡༩༧༦བར་མན་ཆོད་དང་ཆགས་ནང་སློབ་གྲྭ་གཉིས་ནས་དཀའ་བ་བརྒྱ་ཕྲག་དང་ངལ་བ་སྟོང་ཕྲག་གིས་མནར་ནའང་སེམས་ཤུགས་མ་ཞུམ་པར་འབད་འབད་འབུངས་འབུངས་ཀྱིས་སློབ་ཆུང་མཐར་ཕྱིན།   མ་ཟད་དགེ་རྒན་དང་སློབ་གྲོགས་ཚོས་ནམ་རྒྱུན་ཁོང་ལ་བསྟོད་བསྔགས་དང་ཡི་རངས་གནང་།    སྤྱི་ལོ༡༩༧༦ལོ་ནས༡༩༧༩བར་མགར་ཐར་རྫོང་གི་ཁོངས་གཏོགས་དཔལ་སྨད་ནས་སློབ་གྲྭར་རེ་བའི་མིག་ཟུང་རྒྱང་རིང་ལ་གཏོད་དེ་སློབ་འབྲིང་མཐར་ཕྱིན།   སྐབས་དེར་གསུམ་བཟང་སློབ་མའི་མཚན་རྟགས་བཞེས་པ་སོགས་ཀྱིས་མཚོན་སློབ་གྲོགས་ཀུན་གྱི་མིག་དཔེ་རུ་གྱུར་མྱོང་།
 སྤྱི་ལོ༡༩༧༩ལོ་ནས༡༩༨༣བར་མཉམ་ལས་ཁང་གི་ལས་ཀར་ཞུགས་ཏེ་རྩིས་གཉེར་གྱི་ལས་བྱེད་གནང་།  སྤྱི་ལོ༡༩༨༣ལོ་ནས༡༩༨༤བར་མགར་ཐར་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཟུར་ཞུགས་མཛད།    སྤྱི་ལོ༡༩༨༤ ལོ་ནས་སྤྱི་ལོ༡༩༨༨ བར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་དངོས་ཞུགས་མཛད་དེ།   དགེ་རྒན་ཆེན་མོ་ཉན་ཤུལ་མཁྱེན་རབ་འོད་གསལ་སོགས་ཀྱི་མདུན་ནས་རྒྱ་བོད་ཀྱི་གཞུང་ལུགས་མང་པོར་ལེགས་པར་བསླབས། 
   སྤྱི་ལོ ༡༩༨༨ ལོར་དཀར་མཛེས་ཁུལ་རིག་གནས་ཅུས་སུ་ལས་དོན་བསྒྲུབས་ཏེ་བོད་ཀྱི་རིག་གཞུང་ཉམས་གསོའི་ཐད་ཕྱག་རྗེས་མི་དམན་པ་བཞག  སྤྱི་ལོ༡༩༨༩ལོར་སི་ཁྲོན་ཞིང་ཆེན་སློབ་གྲྭ་ཆེན་མོར་རིག་དངོས་སྲུང་སྐྱོབ་ཀྱི་ཐད་ལ་སློབ་སྦྱོང་ལོ་གཅིག་ཙམ་གནང་། 
སྤྱི་ལོ༡༩༩༢ལོར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་རྒྱལ་ཁམས་པ་ཆོས་ཀྱི་རྒྱལ་མཚན་མཆོག་གི་བཀའ་ལྟར་མགར་ཐར་བྱམས་པ་གླིང་དུ་ལྷ་ལྡན་སྨོན་ལམ་ཆེན་མོའི་དགེ་བཤེས་ལྷ་རམས་པ་ཨང་དང་པོའི་མཚན་རྟགས་བཞེས་མྱོང་བའི་སྐུ་བཅར་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་ལ་འཁྲུལ་མེད་དུ་ཁྲི་འདོན་རྒྱ་ཆེར་མཛད་དེ་མགར་ཐར་ཡུལ་གྱི་དད་ལྡན་མི་དམངས་ཀུན་གྱི་རེ་བའི་འདུན་མ་དེ་ཉིད་ཡོངས་སུ་གྲུབ།    
སྤྱི་ལོ༡༩༩༥ལོ་ནས༡༩༩༧བར་ཀྲུང་གོའི་མཐོ་རིམ་ནང་བསྟན་སློབ་གྲྭར་ཞུགས་ནས་གཞུང་ཆེ་ཁག་དང་རིག་གནས།   ཆབ་སྲིད་སོགས་ལ་སྦྱང་བརྩོན་ལྷོད་མེད་གནང་ནས་རྒྱ་ཆེ་བའི་གཞུང་ལུགས་དག་ལ་ཐུགས་རྟོགས་ཕུན་སུམ་ཚོགས་པ་འཁྲུངས།  སྤྱི་ལོ༡༩༩༨ ལོ་ནས་སྲིད་གྲོས་ཨུ་ཡོན་དང་རྗེས་ནས་དྲུང་ཡིག་ཆེན་མོ་གཞོན་པའི་ལས་ཀ་སྒྲུབ། སྤྱི་ལོ༡༩༩༩ལོར་ཡུན་ནན་ཞིང་ཆེན་དུ་སློབ་སྦྱོང་དུ་ཕེབས་ཏེ་རིག་དངོས་སྲུང་སྐྱོབ་ཐད་ལ་ཤིན་ཏུ་མཁས་པར་གྱུར།  སྤྱི་ལོ ༢༠༠༢ ལོར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་དང་། སྤྱི་ལོ༢༠༠༤ལོར་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། སྤྱི་ལོ ༢༠༠༥ལོར་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་། རིམ་བཞིན་རྒྱུན་ལས་ཚོགས་གཙོ་གཞོན་པ་དང་རྟའུ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་སོགས་ཀྱི་འགན་བཞེས།
 སྤྱི་ལོ༢༠༠༦དང༢༠༠༩གཉིས་ལ་འཛམ་གླིང་ནང་བསྟན་མཐུན་ཚོགས་ཀྱི་བགྲོ་གླེང་ལ་ཞུགས་ཏེ་ནང་བསྟན་འཕེལ་རྒྱས་གཏོང་ཕྱོགས་དང་རྒྱུན་འཛིན་གནང་སྟངས།   ནང་བསྟན་གྱིས་དམངས་ལ་ཞབས་ཞུ་སྒྲུབ་ཕྱོགས།    ནང་པ་གསོ་སྐྱོང་གནང་སྟངས་སོགས་ལ་ཉམས་མྱོང་དང་བློ་སྐྱེད་མི་དམན་པ་ཞིག་ཐོབ་ཡོད། དྲང་བདེན་དང་གནས་ལུགས་སྲོག་ཏུ་འཛིན་པའི་དམ་པ་ཁོང་ནི་ནམ་རྒྱུན་ཁ་བཤད་ཙམ་གྱིས་ལ་རྒྱ་སྐྱོང་མཁན་དག་དང་མི་འདྲ་བར་བོད་ཀྱི་རིག་གཞུང་དར་སྤེལ་དང་སྲོལ་རྒྱུན་ཉམས་གསོ་ལ་བྱས་རྗེས་བླ་ན་མེད་པ་འཇོག་པའི་ངེས་དོན་གྱི་སྐྱེ་བུ་དམ་པ་ཞིག་ཡིན་པ་གདོན་མི་ཟའོ། །
སྤྱི་ལོ༢༠༠༦ ལོར་ཁོང་གི་བཀའ་དྲིན་དང་རྒྱབ་སྐྱོར་འོག་མགར་ཐར་དགོན་དུ་འཇང་དགུན་ཆོས་ཆེན་མོ་གཟི་བརྗིད་ངང་འཚོགས་ཐུབ་པར་བྱུང་ཡོད་པར་མ་ཟད།   མདོ་སྟོད་སྨད་ཀྱི་འཇང་དགུན་ཆོས་ཆེན་མོ་ཁོང་གི་ཡར་ཞུས་དང་སྣེ་ཁྲིད་ཀྱི་འོག་ནས་ལོ་མང་པོའི་རིང་ལེགས་པར་འཚོགས་ཐུབ་ཡོད།  རྩ་བའི་བླ་མ་གཙུག་ཏུ་བཀུར་ཞིང་འཁོར་འབངས་ཡོད་ཚད་བདེ་བས་སྐྱོང་མཁན་ཁོང་གིས་རྒྱལ་ཁམས་པ་ཆོས་ཀྱི་རྒྱལ་མཚན་གཙོ་བོར་བསྟེན་ཏེ་བྱང་ཆུབ་ལམ་གྱི་རིམ་པ་དང་རིག་འབྱུང་རྒྱ་རྩ་སོགས་ཟབ་རྒྱས་ཀྱི་ཆོས་སྐལ་མང་དུ་ཞུས་མྱོང་བར་མ་ཟད། པཎ་ཆེན་རིན་པོ་ཆེ་དང་གུང་ཐང་རིན་པོ་ཆེ་མཆོག     ཨ་ལགས་ཤར་གདོང་རིན་པོ་ཆེ་དང་ཨ་ལགས་བསེ་ཚང་།      ཨ་ལགས་འཇམ་པོ་དང་ཨ་ལགས་ཆོས་བཤེས།     ཤིང་བཟའ་རིན་པོ་ཆེ་སོགས་དགེ་ལྡན་པའི་སྐྱེས་ཆེན་རྣམས་དང་། ཁྲོ་རུ་ཚེ་རྣམ་མཆོག་དང་ཉན་ཤུལ་མཁྱེན་རབ་འོད་གསལ། མཁན་པོ་པཎ་ཚེ་སོགས་རིས་མེད་ཀྱི་བླ་མ་མང་པོར་བསྟེན་ནས་སྤྱོད་འཇུག་དང་ཕར་ཕྱིན། སུམ་རྟགས་དང་སྙན་ངག ཆོས་འབྱུང་ལོ་རྒྱུས་སོགས་དང་།  གཞན་ཡང་རྒྱལ་དབང་ལྔ་པའི་གསུང་གཙོ་བོར་གྱུར་པའི་གསུང་འབུམ་དང་དབང་ལུང་མན་ངག་སོགས་མདོ་སྔགས་ཀྱི་ཆོས་སྐོར་མང་པོ་གསན་བཞེས་མཛད་དེ་ཉམས་རྟོགས་བླ་ན་མེད་པ་འཁྲུངས།    བསླབ་གསུམ་རྒྱུན་གྱིས་མངོན་པར་མཛེས་པ་ཁོང་གིས་ཐུགས་གང་ཁོམ་དུས་ལ་ཕ་ཡུལ་མགར་ཐར་སློབ་གྲྭ་སོགས་སུ་ལམ་རིམ་དང་ཡིག་གཟུགས་སོགས་ཀྱི་དཔེ་ཁྲིད་མཛད་པ་དང་།  སྨོན་ལམ་ཆེན་མོ་སོགས་ཆོས་ཚོགས་ཁག་འཚོགས་སྐབས་ཁོང་ཚོགས་མགོན་དུ་ཕེབས་ནས་ཆོས་དང་འཇིག་རྟེན་གྱི་བསླབ་བྱ་མང་པོ་དུས་ཐོག་ཆར་དང་ནད་ཐོག་གི་སྨན་བཞིན་དུ་བསྩལ་བར་མཛད་དོ།  ། 
ཁོང་དང་མཆོག་སྤྲུལ་འཇིགས་མེད་བསྟན་པའི་ཉི་མ་རྣམ་པ་གཉིས་ཀྱི་རེ་འདུན་ལྟར་གདན་ས་ཆེན་མོ་མགར་ཐར་བྱམས་པ་གླིང་དུ་དགེ་བའི་གཤེས་གཉེན་ཆེན་མོ་བློ་བཟང་དོན་གྲུབ་མཆོག་དང་རྒན་འཕྲིན་ལས་དོན་གྲུབ་སོགས་གདན་ཞུས་མཛད་དེ་ལོ་མང་པོའི་རིང་དབང་ལུང་མན་ངག་དང་དཔེ་ཁྲིད་འཆད་ཉན་མཛད་པར་མ་ཟད། སྤྱི་ལོ༢༠༠༠ ལོར་ཁོང་སྐུ་དངོས་སེར་ཤུལ་དུ་ཕེབས་ནས་དགེ་བཤེས་ཐུབ་བསྟན་དཔལ་འབྱོར་མཆོག་གདན་ཞུས་མཛད་དེ་མགར་ཐར་མཚན་ཉིད་ནང་བསྟན་སློབ་གྲྭ་དངོས་སུ་དབུ་འཛུགས་གནང་ནས།   བསྡུས་གྲྭ་དང་བློ་རྟགས་ཚད་མ་སོགས་ཀྱི་འཆད་ཉན་མཛད་དེ་མགར་ཐར་དུ་རྩོད་གྲྭ་དངོས་སུ་བཙུགས་ཐུབ་ཡོད།  དེའི་རྗེས་ནས་ཡང་བསྐྱར་ཁོང་རྣམ་པ་གཉིས་ཀྱི་བཀའ་དྲིན་ལས་ངེས་དོན་མཁས་པའི་དབང་པོ་དགེ་བཤེས་བློ་ཚེ་དང་ཆོས་གྲགས།  དགེ་བཤེས་སེང་གེ་དང་རྒན་ཤེས་རབ། ལྷ་རམས་པ་དཀོན་མཆོག་ནོར་བུ་སོགས་མཁས་དབང་དུ་མ་གདན་དྲངས་ནས་ཕར་ཚད་ཀྱི་གཞུང་ལུགས་མཐར་ཆགས་སུ་ཁྲིད་དེ། གནས་འདིར་བསམ་ཡུལ་ལས་འདས་པའི་གཞུང་ལུགས་ཀྱི་འཆད་ཉན་དར།  དམངས་ཀྱི་དད་རྫས་དང་འབུལ་བ་སོགས་རང་ཕྱོགས་སུ་སྐར་གང་ཡང་མི་གཏོང་བར་ཡོད་ཚད་བསྟན་པའི་ཞགས་ཏོག་འབའ་ཞིག་ཏུ་སྐྲུན་པའི་ཁོང་གི་བཀའ་དྲིན་ལས།  དེང་གི་ཆར་མགར་ཐར་འདུ་ཁང་ཆེན་མོ་ཞེས་སྲོལ་རྒྱུན་གྱི་མཛེས་ཉམས་དོད་ཅིང་ཀུན་གྱིས་ཡིད་སྨོན་འཆོར་བའི་གཙུག་ལག་ཆེན་མོ་དེ་ཉིད་ཁོང་གིས་ངལ་བ་ཆེད་བཞེས་ཀྱིས་ལེགས་གྲུབ་བྱུང་ཡོད་པ་དང་།  བརྗིད་ཆགས་ལྷུན་གྱིས་གྲུབ་ཅིང་ཕྱོགས་བཞིར་འོད་སྟོང་འཕྲོས་པའི་གསེར་གྱི་རྒྱ་ཕིབས་དང་གསེར་སྐུ་སྣ་ཚོགས་སྐྱེ་འགྲོ་ཡོངས་ཀྱི་རྟེན་སྐལ་དུ་སྐྲུན་གྱིན་པ་ལགས་སོ། །  

  • ལེ་ཚན་སྔོན་མ།:མཆོག་སྤྲུལ་རྡོ་རྗེ་བཀྲ་ཤིས།
  • ལེ་ཚན་རྗེས་མ།:གངས་ལྗོངས་ཀྱི་རིགས་པ་སྨྲ་བའི་ཁྱུ་མཆོག—བྲག་མགོའི་དགེ་བཤེས་བློ་བཟང་དོན་གྲུབ།
  • དོ་སྣང་ཆེ་བའི་རྩོམ།