ཉག་རོང་རྫོང་གིས་ཁ་དན་ཚིག་གནས་ཀྱིས་སློབ་གསོར་མཐོང་ཆེན་བྱས།

མིག་དམར་གྱིས་བསྒྱུར།        2018-06-15

ཆེས་བརྗིད་ཉམས་ལྡན་པ་ནི་སློབ་གྲྭའི་འཛུགས་སྐྲུན་ཡིན།

      སྤྱི་ཟླ6པའི་ཚེས4ཉིན། ལོ་ན82ལ་སོན་པའི་ཧོང་ཧྥ་ཅུའུ་ཡིས་སེམས་འགུལ་ཚད་མེད་ཐེབས་ཏེ་སྐད་འདར་བའི་ངང་ནས་ཁ་པར་གྱི་ཕ་རོལ་ནས་ང་རང་ལོ53སྔོན་གྱི་རེ་འདུན་དེ་དེ་རིང་དངོས་སུ་གྲུབ་སོང་ཞེས་སྤྲོ་བ་སྟོང་དང་དགའ་བ་འབུམ་གྱིས་ཁེངས་པའི་སྒོ་ནས་སྨྱུག་འཛིན་པར་དེ་ལྟར་བཤད།

ཧོང་ཧྥ་ཅུའུ་ནི་ཉག་རོང་སློབ་འབྲིང་གི་སློབ་གཙོའི་འགན་ཁུར་མཁན་ཆེས་ཐོག་མ་དེ་ཡིན་ཞིང་། 1965ལོར། སློབ་གྲྭ་དེ་དབུ་ཤོད་གྲོང་སྡེར་འཛུགས་རྒྱུ་བྱས་ཀྱང་རྒྱུ་རྐྱེན་གང་མང་ཞིག་གིས་འཛུགས་མ་ཐུབ་པས་ཧོང་ཧྥ་ཅུའུ་ལ་འགྱོད་གདུང་དྲག་པོ་བསྐྱེད་མྱོང་བ་རེད། ལོ53གྱི་རྗེས་སུ་ས་ཆ་དེ་ནི་ཚོང་ལས་བྱེད་ས་གཙོ་བོ་ཞིག་ཏུ་གྱུར། ཡིན་ནའང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ས་ཆ་བཤུག་སྤྲོད་བྱེད་པའི་མ་དངུལ་འབོར་ཆེན་ལ་མ་བལྟས་ནས་ཉག་རོང་སློབ་འབྲིང་སླར་ཡང་འཛུགས་གཉེར་བྱས་པ་རེད།

     ཧོང་ཧྥ་ཅུའུ་དང་འདྲ་བ་ད་ལྟའི་སློབ་གཙོ་ཝང་ཡུས་ལུང་ལའང་སེམས་འགུལ་ཚད་མེད་ཐེབས་ཤིང་། སློབ་གྲྭ་ལ་ད་ལྟ་སློབ་མ1139ཡོད་ཀྱང་། སློབ་གྲྭའི་རྒྱ་ཁྱོན་དང་འཛུགས་སྐྲུན་གྱིས་སློབ་གྲྭ་འཕེལ་རྒྱས་གཏོང་ཐབས་བྲལ་ཞིང་། གསར་དུ་བསྐྲུན་པའི་སློབ་འབྲིང་ལ་སྒོར་དུང་ཕྱུར1.8བཏང་བ་དང་ས་བཟུང་ཚད་རྒྱ་ཁྱོན་སྨི་གྲུ་བཞི་མ68850ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ44827ཡོད་པར་བརྟེན། སློབ་མ2500ཤོང་བས་གཞི་ཁྱོན་རྒྱ་བསྐྱེད་ལྡབ་གཉིས་འཕར་ཏེ་ཉག་རོང་སློབ་འབྲིང་འཕེལ་རྒྱས་གཏང་སའི་ཁྱབ་ཁོངས་ཆེས་ཆེར་གྱུར།

ཤེས་པ་དང་རིག་པ། དགེ་བ། བདེ་ཐང་། ཀུན་སྤྱོད། སྤྱོད་ལམ་སོགས་ཀྱི་དོན་སྙིང་མཚོན་པའི་ཐོག་ཁང་ཆེན་པོ8གྲལ་ལྟར་བསྒྲིགས་ཏེ་མཛེས་སྡུག་གིས་ཡིད་དབང་ཀུན་ནས་འཕྲོག་པའི་སློབ་གྲྭ་ཞིག་ཏུ་གྱུར། ཉག་རོང་རྫོང་གྲོང་སྡེ་ཁུལ་ཨང་གཉིས་པའི་ཆ་ཚང་སློབ་གྲྭའི་སློབ་གཙོ་ཀྲང་ཞའོ་ཕིང་གིས་རྫོང་ཨུ་དང་སྲིད་གཞུང་གིས་འགྲོ་སོང་ལ་མ་བལྟས་པས་སློབ་གྲྭའི་འགྱུར་ལྡོག་ཧ་ཅང་ཆེ་ཞིང་། སྔོན་ལ་ཐོག་ཁང3ལས་མེད་པ་དང་ད་ལོ་ལམ་སང་ཐོག་ཁང5གསར་དུ་བསྐྲུན་པ་རེད་ཅེས་གསར་འགོད་པར་དེ་ལྟར་བཤད།

སྔོན་མ་མི་རྣམས་ཀྱིས་གྲོང་པའི་སློབ་གྲྭ་ནི་ཕོ་བྲང་དང་གྲོང་སྡེའི་སློབ་གྲྭ་ནི་སྤྱིལ་ཁང་རེད་ཅེས་བཤད་སྲོལ་ཡོད་ཀྱང་ཉག་རོང་རྫོང་གི་ལོ་རྔ་ལྟེ་བའི་སློབ་ཆུང་དུ་ཡིད་དབང་འཕྲོག་པའི་སློབ་ཁྲིད་ཐོག་ཁང་དང་ཚོན་མདོག་སྣ་ལྔའི་འགྱིག་བཏིང་རྒྱུག་ལམ། གཙང་སྦྲ་ལྡན་པའི་ཟ་ཁང་། སྔོན་ཐོན་ཅན་གྱི་གློག་རྡུལ་དཀར་པང་གཞི་གཅིག་འཕྲུལ་ཆས་སོགས་གྲོང་པའི་སློབ་གྲྭའི་ནང་ཡོད་ཚད་འདི་ནའང་ཐོབ་ཐང་གཅིག་མཚུངས་ལོངས་སུ་སྤྱད་ཆོག་པ་རེད།

     གྲོང་ཁྱེར་དང་གྲོང་སྡེའི་གཞི་གཅིག་ཅན་གྱི་སློབ་གསོ་སྤེལ་ནས་ཁང་པ་རྙིང་པ་དང་གསལ་ཆ་མེད་པའི་ཁང་པ་མད་པ་བྱས་ཏེ་དེང་སང་སློབ་གྲྭའི་འཛུགས་སྐྲུན་ནི་ཆེས་བརྗིད་ཉམས་ལྡན་པའི་གྲུབ་ཆ་རུ་གྱུར་པ་རེད།

ཆེས་དཀའ་སྤྱད་བྱེད་མཁན་ནི་ཁྱད་འཕགས་ཀྱི་དགེ་རྒན་ཡིན།

     ད་ལོའི་སྐབས་དགུ་པའི་ཀྲུང་གོའི་སློབ་གསོའི་ཐེབས་རྩ་དགེ་རྒན་གྱི་བྱ་དགའ་ཐོབ་མཁན་ཐང་སྐྱིད་ཤང་ལྟེ་བའི་སློབ་ཆུང་གི་དགེ་རྒན་འཕྲིན་ལས་སྒྲོལ་མས་ཉག་རོང་རྫོང་གི་མི་མི་ཉུང་བ་ཞིག་ལ་རིག་གནས་མེད་ཅིང་། བུ་ཕྲུག་འདི་དག་རང་གི་ཕ་མ་འདི་ཚོ་དང་འདྲ་བ་རིག་གནས་མེད་མཁན་མི་ཡོང་བའི་ཆེད་དུ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས། རང་ཉིད་ཀྱི་ལང་ཚོ་ཁོ་ཚོའི་མདུན་ལམ་དུ་ཕུལ་བ་ཡིན་ཞེས་ཁ་ཁོག་པས་མ་གསང་། བློ་རྒྱུ་མས་མ་བསྐུངས་ནས་གསར་འགོད་པར་དེ་ལྟར་བཤད།

     འཕྲིན་ལས་སྒྲོལ་མའི་སྐད་ཆ་དེས་ཉག་རོང་རྫོང་གི་དགེ་རྒན་རྣམ་པའི་སྙིང་གཏམ་མཚོན་ཡོད།

     ཞང་གསེར་ཤང་ཆ་ཚང་སློབ་ཆུང་གི་ལྷ་མོ་དགེ་རྒན་ནི་ལོ4ལ་སོན་པའི་བྱིས་པའི་ཨ་མ་ཡིན་ཞིང་། ཁོས་རང་གི་ཕྲུ་གུ་དེ་དར་མདོར་ཡོད་པའི་ཨ་ཕྱིའི་སར་བཞག་སྟེ། འདིར་སློབ་མ19ཡི་ཨ་མ་བྱས། ཁོས་ཞོགས་སྔ་ལངས་བྱས་དང་དགོང་ཕྱི་ཉལ་བྱས་ཤིང་། ཁོས་བཤད་རྒྱུར་རང་ཉིད་ནི་ཚད་ལྡན་གྱི་ཨ་མ་ཞིག་མ་ཡིན་ནའང་སློབ་མ་ཚོས་རང་ནི་ཆེས་ལེགས་པའི་ཨ་མར་རྩི་བཞིན་ཡོད་ཅེས་བཤད།

     དགེ་རྒན་ལ་ཐོབ་ཐང་མང་པོ་ལྡན་ཞིང་། དགེ་རྒན་བྱེད་དགོས་ལ་བུ་རྫིའང་བྱེད་དགོས། ཕ་བྱེད་དགོས་ལ་མ་དེ་བས་ཀྱང་བྱེད་དགོས། སློབ་ཁྲིད་བྱེད་དགོས་ལ་གོས་ཀྱང་འཁྲུད་དགོས་པས་མ་ཚད་ནད་ན་བའི་ན་སྐྱོང་ཡང་བྱེད་དགོས་པས་ཁྱོན་ཡོངས་ནས་ཞབས་ཞུ་བྱེད་དགོས་པ་རེད།

དཀའ་སྤྱད་སྡུག་རུས་བྱས་པས་སྙིང་སྟོབས་རྒྱུན་འཛིན་བྱེད་མི་ཡོད་ཅིང་། དར་དཀར་ཤང་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་པད་མ་གཡང་འཛོམས་ཀྱིས་ང་ན་སོན་དུས་དགེ་རྒན་བྱེད་རྩིས་ཡོད། ངའི་ད་ལྟའི་དགེ་རྒན་དང་འདྲ་བ་གྲོང་སྡེའི་སློབ་མ་རྣམས་ལ་སློབ་གསོ་བྱ་རྒྱུ་ཡིན་ཞེས་བཤད། དགེ་རྒན་གྱི་སྡུག་རུས་ལ་བརྟེན་ནས་སློབ་མ་རྣམས་ལ་བག་ཆགས་ལེགས་པོ་བཞག་པ་རེད།

ཆེས་སྤྲོ་སྐྱིད་ལྡན་པ་ནི་བཅོས་མིན་གྱི་སློབ་མ་ཡིན།

     སྤྱི་ཟླ6པའི་ཚེས4ཉིན། ཉིན་གུང་ཆུ་ཚོད12ལ་ཐོན་མ་ཐག་སློབ་གྲྭ་གྲོལ་བའི་དྲིལ་སྒྲ་གྲག་པ་དང་ཆབས་ཅིག སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་རང་རང་གི་ཅ་ནེ་ཁྱེར་ཏེ་ངོ་ལ་འཛུམ་དང་བཅས་ཟས་ཁང་གི་ཕྱོགས་སུ་འགྲོ་བཞིན་འདུག ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མར་འཚོ་བཅུད་ལེགས་བཅོས་བྱས་པས་ཟས་ཞིམ་ཞིང་འཚོ་བཅུད་བཟང་བ་རེད།

     རིན་པ་མི་དགོས་པ་གསུམ་དང་ཁ་གསབ་གཅིག འཚོ་བཅུད་ཟ་མ་བཅས་ལག་བསྟར་བྱས་ཤིང་། ད་ལོ་ནས་བཟུང་རྫོང་ཡོངས་ཀྱི་སློབ་གསོ་དམངས་འཚོའི་ལས་གྲྭའི་བྱིས་པའི་སློབ་གསོའི་གྲོན་དངུལ་ཁྲི17.18དང་བཅའ་སྡོད་སློབ་མའི་འཚོ་བའི་གྲོན་དངུལ་ཁྲི258བཏང་ཞིང་། ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་གྱི་འཚོ་བཅུད་འཆར་གཞི་ལ་སྒོར་ཁྲི114བཏང་ཡོད་པ་རེད།

     ཅི་འདྲ་དབུལ་ཡང་སློབ་གསོ་དབུལ་མི་རུང་བ་དང་ཅི་འདྲ་སྡུག་ཀྱང་སློབ་མ་སྡུག་མི་ཉན། དེར་བརྟེན་སློབ་གསོ་མི་དབུལ་བ་དང་སློབ་མ་མི་སྡུག་ཅིང་། གང་དུ་བལྟས་ཀྱང་ཆེས་བརྗིད་ཉམས་ལྡན་པ་ནི་སློབ་གྲྭ་ཡིན་ལ་ཆེས་མཛེས་པའི་འཛུམ་མདངས་ནི་སློབ་གྲྭ་རུ་ཡོད་པ་རེད།

སྤྱི་ཟླ6པའི་ཚེས4ཉིན། ཆུ་ངོགས་སྡེ་ཁུལ་གྱི་སློབ་གྲྭའི་སྡོད་ཁང་དུ་ལྟ་སྐོར་དུ་སོང་སྐབས་མཛེས་ཤིང་སྡུག་པའི་རྒྱན་སྤྲས་རི་མོ་དང་། གཙང་ཞིང་གྲལ་དག་པའི་ཉལ་ཁེབས། གཙང་སྦྲ་འཕྲོད་བསྟེན་ལྡན་པའི་འཚོ་བའི་ཡོ་བྱད་སོགས་མིག་ལམ་དུ་མངོན་ཞིང་། ལོ་རིམ་བཞི་པའི་སློབ་མ་སྐལ་བཟང་གིས་ངོ་ལ་འཛུམ་དང་བཅས་ང་ཚོ་སློབ་གྲྭ་རུ་ཁྱིམ་ནང་ལས་ཟ་རྒྱུ་ཞིམ་པ་དང་སྡོད་ས་སྐྱིད་པས་མ་ཚད་དགེ་རྒན་གྱིས་ཀྱང་ང་ཚོ་ལ་ཐུགས་ཁུར་ཆེན་པོ་གནང་བས་ང་ཚོ་ཧ་ཅང་སྐྱིད་པོ་རེད། ང་ཚོས་ད་དུང་དྲ་བ་བརྒྱད་ནས་ཁྲེང་ཏུའུ་ཚོད་ལྟའི་སློབ་ཆུང་གི་དགེ་རྒན་གྱིས་སློབ་ཁྲིད་བྱེད་དུས་ལྟ་སྦྱོང་བྱེད་ཐུབ། དྲ་བས་ལུང་ཁུག་གི་སློབ་མ་དང་གྲོང་ཁྱེར་གྱི་སློབ་མ་བར་གྱི་བར་ཐག་ཇེ་ཐུང་དུ་བཏང་ཞིང་། སློབ་སྦྱོང་གི་སྤྲོ་བ་ཇེ་ཆེར་དང་ཁུར་པོ་ཇེ་ཡང་དུ་བཏང་སོང་ཞེས་སྐལ་བཟང་གིས་དེ་ལྟར་བཤད་པ་རེད།

     སློབ་གྲྭའི་ར་བར་སླེབས་དུས་སློབ་མ་ཞིག་གིས་ལྒང་ལི་ཞིག་ཁུར་ནས་འགྲོ་བ་མཐོང་དུས་ཁོ་ལ་ཁྱོད་ལྒང་ལི་འཕེན་པར་དགའ་འམ་ཞེས་དྲིས་པར་ཧ་ཅང་དགའ། ཁྱོད་ལྒང་ལི་འཕེན་མཁས་སུ་ཤེས་ཞེས་འདྲི་དུས་ངས་ཆའོ་ཏན་དང་། ཁའོ་པིན་དང་ལྗན་མུ་སི་སོགས་ཤེས། འོ་ན་ཁྱོད་རྐང་གྲུག་རྒྱག་ཤེས་སམ་ཞེས་འདྲི་དུས། ཅུང་ཙམ་ཤེས། རྐང་གྲུག་རྒྱག་མཁས་པ་ཤེས་མཁན་ཨེ་ཡོད་ཅེས་འདྲི་དུས། ཡོད་ཡོདCལའོ་དང་མེན་སའི་སོགས་མི་ཤེས་མཁན་ཧ་ལམ་ཡོད་རྒྱུ་མ་རེད་ཅེས་ཟེར། རེད་ལགས། ད་ལྟ་ནི་དྲ་བའི་དུས་རབས་ཡིན་པས་ལུང་ཁུག་དང་གྲོང་ཁྱེར་གང་དུ་ཡིན་ཡང་སློབ་མ་རྣམས་ཀྱིས་སློབ་སྦྱོང་བྱེད་བདེ་ཞིང་ལུས་རྩལ་ལའང་དོ་སྣང་བྱེད་པས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བ་ནི་གདོན་མི་ཟའོ།

ཆེས་བློ་བདེ་བ་ནི་ཞིང་འབྲོག་གི་ཁྱིམ་བདག་ཡིན།

     སྔོན་མ་ཞི་ལི་ལ་སྐད་ཆ་བཤད་རྒྱུ་མེད་ལ་ངོ་ཚ་ཆུང་ཆུང་ཞིག་ཡིན། བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་གཅིག་ལ་སྦྱོང་བརྡར་བྱེད་པ་བརྒྱུད་ཞི་ལི་སློབ་གྲྭའི་འཁྲབ་སྟོན་འགྲན་སྡུར་དུ་ཨང་དང་པོའི་བྱ་དགའ་བླངས་སོང་། སློབ་གྲྭས་ཞི་ལིའི་གཤིས་ཀ་དེ་བསྒྱུར་སོང་ཞེས་ཉག་རོང་སློབ་འབྲིང་གི་སློབ་མ་བཀྲ་ཤིས་ཀྱི་ཨ་མས་ཞི་ལིའི་འགྱུར་ལྡོག་བཤད་ཅིང་། ཁོས་མཐེ་བོང་བཙུགས་ཏེ་སློབ་གྲྭའི་བཀའ་དྲིན་རེད་ཅེས་བསྟོད་ར་བྱེད་ཀྱིན་འདུག

སློབ་གྲྭ་ཞེས་དུས་མཐེ་བོང་བསྒྲེངས་ཤིང་དགེ་རྒན་ཞེས་དུས་ལག་ཟུང་ཐལ་མོ་སྦྱར་བ་ནི་ཉག་རོང་སློབ་གསོ་ལ་ཐོབ་པའི་གཟེངས་རྟགས་རེད།

     ལོ་ན64ལ་སོན་པའི་རྒན་པོ་ཨ་བུས་རྫོང་ཐོག་ཏུ་ཁང་པ་ཞིག་གླས་ནས་ཚ་བོ་ལ་རོགས་པ་བྱས་ནས་འདུག་ཡོད། ཁོང་གིས་ད་ལྟར་སློབ་གྲྭར་སོང་ཡང་སྒོར་མོ་ཡེ་ནས་སྤྲད་མི་དགོས་ལ་ད་དུང་འཚོ་བའི་ཁ་གསབ་ཡོད་ཅིང་། རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྦྱངས་འབྲས་ལེགས་པའི་སློབ་མ་ལ་བྱ་དགའ་ཡང་སྟེར་བཞིན་འདུག དགེ་རྒན་ལ་འགན་ཁུར་གྱི་བསམ་བློ་ལྡན་པ་དང་ཆུ་ཚད་མཐོ་བ་ཤ་སྟག་ཡིན་པས་འདི་ནི་ཁོ་ཚོའི་བསོད་ནམས་ཡིན་ལ་གུང་ཁྲན་ཏང་གི་བཀའ་དྲིན་ཡང་ཅི་ལ་མིན་ཞེས་བཤད།

ཨ་བུའི་ཕ་ཡུལ་གཅིག་པའི་བློ་ལེགས་ཀྱང་ལོ་ན60ལ་སོན་པ་ཞིག་རེད། ཁོ་ལོ་ན་ཆུང་དུས་ག་ས་གང་དུ་འགྲོ་མི་ཞིག་རེད། ཡིན་ནའང་ཁོ་ལ་རིག་གནས་མེད་པས་བྱ་བ་ཆེན་པོ་ཞིག་སྒྲུབ་ཐུབ་མ་སོང་། རིག་གནས་མེད་ན་བླུན་པོ་ཡིན་པ་གོ་རྟོགས་བྱུང་སྟེ་རྫོང་ཐོག་སློབ་གྲྭའི་འགྲམ་དུ་ཁང་པ་ཞིག་གླས་ནས་ཚ་བོ་དང་ཚ་མོ་གསུམ་སློབ་གྲྭའི་ནང་བསུ་སྐྱེལ་བྱས་ནས་འདུག་ཡོད།

     ཁོས་སྔོན་མ་འབྲོག་ལས་བྱས་ནས་སྒོར་མོ་འཚོལ་བ་དང་དབྱར་རྩྭ་དགུན་འབུ་བརྐོས་ནས་སྒོར་མོ་འཚོལ་བ། ཡང་ན་ཚོང་བརྒྱབ་ནས་སྒོར་མོ་འཚོལ་ཆོག་བསམས་ཏེ་རང་གི་བུ་རྒྱུད་སློབ་གྲྭར་གཏོང་མེད་པས་ད་ལྟ་ང་དང་འདྲ་བ་ཅི་ཡང་མི་ཤེས་པས་རིག་གནས་མེད་ན་འགྲོ་ལམ་མེད་སྟབས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་ཚ་བོ་དང་ཚ་མོ་གསུམ་པོ་རིག་གནས་ཡོད་མཁན་ཞིག་ཅིས་ཀྱང་བྱ་རྒྱུ་ཡིན་ཞེས་བཤད།

     དབྱར་རྩྭ་དགུན་འབུ་ལ་རིན་ཐང་ཅི་འདྲ་ལྡན་ཡང་རིག་གནས་བཞིན་རིན་ཐང་གང་ན་ཡོད། ཆེས་བཟང་བའི་དབྱར་རྩྭ་དགུན་འབུ་ནི་སློབ་ཁང་དུ་ཡོད་ཅིང་། ད་ལྟ་ངའི་ཚ་བོ་དང་ཚ་མོ་གསུམ་པོས་ཡིག་ངོ་མང་པོ་ཤེས་པས་མ་ཚད་གུས་ཞབས་ལྡན་ཞིང་གཙང་སྦྲ་འཕྲོད་བསྟེན་ལ་དགའ་བ་སོགས་གོམས་གཤིས་ལེགས་པོ་ཆགས་སོང་། སློབ་གྲྭར་སོང་མ་སོང་གི་ཁྱད་པར་གནམ་ས་འདུག སྲིད་ཇུས་བཟང་པོ་ལ་བཀའ་དྲིན་དང་སློབ་གྲྭ་དང་དགེ་རྒན་ལ་བཀའ་དྲིན་ཞུ་རྒྱུ་ཡིན་ཞེས་བཤད།

     མི་དམངས་ཀྱི་བློ་ལ་བབས་པའི་སློབ་གསོ་གཉེར་བས་ཚང་མས་ཕྲུ་གུ་རྣམས་སློབ་གྲྭར་གཏོང་འདོད་ཆེ་ཞིང་། 2017ལོར། ཉག་རོང་རྫོང་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་བརྒྱ་ཆ99.1དང་དམའ་འབྲིང་བརྒྱ་ཆ99.77ལ་ཟིན། བརྟན་འཇགས་བྱུང་ཚད་སློབ་ཆུང་བརྒྱ་ཆ95དང་དམའ་འབྲིང་བརྒྱ་ཆ97.2 སློབ་གྲྭར་ཞུགས་ཚད་འགན་སྲུང་གི་ལས་ཀ་ལ་གྲུབ་འབྲས་ལེགས་པོ་ཐོབ་ཡོད་པ་རེད།

     མཛེས་ཤིང་གཙང་བའི་སློབ་གྲྭའི་ཁོར་ཡུག་རེ་རེ་དང་སྤྱོད་ཡོན་གཉིས་ལྡན་གྱི་དགེ་རྒན་རེ་རེ། གཞུང་དྲང་བཅོས་མིན་གྱི་འཛུམ་མདངས་རེ་རེ། རེ་བས་ཁེངས་པའི་ཁྱིམ་བདག་རེ་རེ་ལས་ང་ཚོ་ཉག་རོང་གི་སློབ་གསོ་ལ་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས་སོ།། 


  • ལེ་ཚན་སྔོན་མ།:2018ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་དུས་ཆེན་འགོ་ཚུགས་མཛད་སྒོ་དར་རྩེ་མདོ་རུ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྤྱི་པའི་གསོག་དངུལ་ཐེངས་གཅིག་རང་བཞིན་གྱི་ཞབས་ཕྱི་འཐུས་སྒོ་ཚང་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།