བརྒྱད་ཟིལ་ཐང་མགོ་འབྲོག་པས་བདེ་སྐྱིད་འཚོ་བར་ཉམས་སུ་མྱོང་།

དབྱངས་ཅན་གྱིས་བསྒྱུར།        2018-05-23

     ཉེ་ཆར། སྨྱུག་འཛིན་པས་དཀར་མཛེས་ཁུལ་བརྒྱད་ཟིལ་རྫོང་ཐང་མགོ་ཤང་གི་འབྲོག་པའི་གཞིས་ཆགས་བྱ་ཡུལ་དུ་བཅར་འདྲི་བྱེད་དུ་འགྲོ་སྐབས་བློ་བཟང་བསྟན་འཛིན་གྱི་བཟའ་ཟླ་ཡེ་ཤེས་ལྷ་མཚོས་བལ་གདན་འཐག་བཞིན་ཡོད་པ་དང་ཏག་ཏག་འཁེལ་བྱུང་།

      དབྱར་སྟོད་ཀྱི་ཞོགས་པ་ཞིག་ལ་ལོ་ན36ལ་ལོན་པའི་འབྲོག་པ་བློ་བཟང་བསྟན་འཛིན་དགའ་སྤྲོས་ཁེངས་ནས་འགྲུལ་པར་སྣེ་ལེན་བྱེད་བཞིན་འདུག ཁོས་ལྷ་མཚོ་ལ་དང་པོར་བསླས་འཐག་བྱ་རྒྱུ་བསྐྱུར་ནས་འགྲུལ་པ་ཚོར་ཨ་རག་ཞིམ་པོ་སྒམ་དོ་ཁྱེར་ཤོག ད་དུང་མགྱོགས་པ་ཁ་པར་ཞིག་བཏང་ནས་ཁྱོད་རང་གི་གཅེན་པོར་འགྲུལ་པ་སྣེ་ལེན་ཡག་པོ་བྱེད་དུ་བཅུག་ཅེས་པ་འདི་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40རིང་ཞིང་འབྲོག་ས་ཁུལ་དུ་འགྱུར་ལྡོག་ཆེན་པོ་བྱུང་བ་འདི་རང་ཤུགས་སུ་མཚོན་པ་ཞིག་རེད།

      ཐང་མགོ་ཤང་ཐང་མགོ་གྲོང་སྡེའི་ཨུ་ལྷན་ཀྲུའུ་རེན་བཀྲ་ཤིས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནས་བཟུང་གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱས་པའི་ཐང་མགོ་ཤང་གི་འབྲོག་པའི་གཞིས་ཆགས་ས་ཚུགས་སུ་དུད་ཚང70ཡོད་པའི་ནང་ཅུ་ཁྲོད་ལ་གྲོང་སྡེའི་དུད་ཚང25དང་།ཝ་ཧེ་ལ་གྲོང་སྡེའི་དུད་ཚང45བཀོད་སྒྲིག་བྱས་ཡོད་པ་རེད། ཞིང་མ་འབྲོག་ས་ཁུལ་གྱི་གྲོང་མིས་དཔལ་འབྱོར་ཡོང་འབབ་འཚོལ་ས་གཙོ་བོ་ནི་དབྱར་རྩྭ་དགུན་འབུ་དང་གནག་ཕྱུགས་གསོ་ཚགས། ཤ་མོ། རྒྱ་བོད་སྨན་རྩྭ་འདེབས་པ་སོགས་ཡིན་པ་རེད། ད་སྔར་གནག་ཕྱུགས་ཐོན་ལས་ལ་ཐོག་མའི་གཞི་ཁྱོན་ཆགས་ནས་གནག་ཕྱུགས་ཁྱོན་བསྡོམས4600ལྷག་གསོ་ཚགས་བྱས་ཏེ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར13000ནས14000ལ་ཟིན་པ་རེད།

      སྔོན་ཆད་ཐང་མགོ་ཤང་གི་འབྲོག་པའི་གཞིས་ཆགས་ས་ཚུགས་ཀྱི་དོ་དམ་མི་སྣ་བཀྲ་ཤིས་དབང་འདུས་ཀྱིས་རི་མགོ་ནས་མར་སྤོ་ཐུབ་རྒྱུ་དེ་སྔོན་ཆད་ང་ཚོའི་རྨི་ལམ་ནང་ལའང་རྨིས་མ་མྱོང་། སྔོན་ཆད་རི་མགོར་འཚོ་གནས་བྱེད་སྐབས་གྲུམ་འབུའི་ནད་དང་རུས་ཚིགས་ནད་ཀྱིས་ཡུལ་མི་དག་ལ་ལོ་དང་ཟླ་བ་བསྟུད་ནས་སྡུག་བསྔལ་མྱོང་བཅུག་པ་རེད། སྐབས་དེར་ཆེས་ཆེ་བའི་རེ་བ་ནི་ཁྱིམ་མི་ཡོངས་ཀྱི་ལྟོ་བ་འགྲངས་ཐུབ་པ་ལས་ད་ལྟའི་ཡངས་ཤིང་རྒྱ་ཆེ་བའི་སྡོད་ཁང་དུ་སྡོད་ཐུབ་པའི་རེ་བ་གཏན་ནས་ཡོད་ཕོད་མ་མྱོང་ཞེས་མྱོང་ཚོར་ཟབ་མོ་ཡོད་པའི་སྐད་ཆ་འདི་ལྟར་བཤད།

དངོས་གནས་དེང་སང་ཐང་མགོ་ཤང་གི་དུད་ཚང་ཡོད་ཚད་བོད་ཁང་གསར་པར་སྡོད་ཐུབ་པ་དང་། གསལ་ཆ་ལྡན་ལ་ཚོན་མདངས་རྣམ་པ་བཀྲ་བའི་བོད་པའི་ཁྱད་ཆོས་ལྡན་པའི་སྡོད་ཁང་གི་བཟོ་བཀོད་དང་། བརྙན་འཕྲིན། འཁྱགས་སྒམ། གློག་ཀླད་སོགས་དེང་རབས་ཀྱི་སྒྲིག་ཆས་ཆ་ཚང་ཡོད་པ་རེད།

      ལོ་ན60ལ་སོན་པའི་བསོད་ནམ་ཚེ་རིང་ནི་མི་ཚེ་ཕྱེད་ཀར་ཝ་ཧེ་ལ་ཐོག་ལ་འཚོ་བ་རོལ་མྱོང་བའི་སྤྱིར་བཏང་གི་མི་སེར་ཞིག་ཡིན་ཞིང་།ཁོ་རང་སྦྲ་གུར་ནང་གཞིས་ཆགས་བྱས་ཏེ་གནག་ཕྱུགས་བརྒྱ་ཡས་མས་གསོ་ཚགས་བྱ་དགོས་པས་འཚོ་བ་དང་དཔལ་འབྱོར་གྱི་ཆ་རྐྱེན་ཧ་ཅང་ཞན་པ་རེད། ཕྱི་ཡུལ་གྱི་གནས་ཚུལ་ཡོད་ཚད་སྒྲ་བསྡུ་འཕྲུལ་ཆས་ཆུང་ཆུང་དེར་བརྟེན་ནས་ཤེས་རྟོགས་ལོན་རྒྱུ་མ་གཏོགས་ཐབས་གཞན་མེད་པས། བསྟུད་མ་ལོ་མང་རིང་ལ་ཁོ་བོ་བརྒྱད་ཟིལ་རྫོང་མིན་པའི་ས་གནས་གང་ལའང་འགྲོ་མ་མྱངས། ཡིན་ནའང་ལོ་འདི་ཚོའི་རིང་ལ་འབྲོག་མིའི་གཞིས་ཆགས་བྱ་ཡུལ་གྱི་ལས་གཞི་ཡིས་བསོད་ནམ་ཚེ་རིང་རི་མགོ་ནས་མར་སྤོ་ཐུབ་པ་དང་། གཞན་པའི་ཆ་རྐྱེན་ཁྱད་པར་དུ་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་བཅོས་བྱུང་ནས་མི་རྒན་བསོད་ནམ་ཚེ་རིང་གི་འཚོ་བའང་དེ་དང་བསྟུན་ནས་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།

      མི་རྒན་གྱིས་ཁ་པར་ཐོག་ནས་དཔེ་ཀློག་བྱེད་ཤེས་པ་དང་།ཐོན་ལས་འཕེལ་རྒྱས་བཏང་ནས་གང་ལྟར་ཕྱུག་འགྱུར་ཡོང་ཐུབ་པ་སོགས་ཀྱི་ཐབས་ཤེས་སོགས་སྦྱོང་ཐུབ་པར་མ་ཟད། གྲོང་སྡེའི་ནང་ཆེས་རྒྱས་སྤྲོས་དང་མཛེས་པའི་སྡོད་ཁང་བསྐྲུན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་རོལ་ཐུབ་པ་རེད།།


  • ལེ་ཚན་སྔོན་མ།:དར་མདོའི་ས་ག་ཟླ་བའི་དུས་ཆེན་སྐབས་ཀྱི་གཞས་མ་གཏམ་གྱི་དགོང་ཚོགས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གིས2018ལོའི་སྲིད་གཙང་ལས་དོན་གྱི་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།