རྒྱལ་རོང་བོད་ཤོག་བཟོ་རྩལ་སྣ་གཅིག་གི་སྐོར།

རྣམ་རྒྱལ་གྱིས་བྲིས།        2018-05-11

རྒྱལ་རོང་བོད་ཤོག་བཟོ་རྩལ་སྣ་གཅིག་གི་སྐོར།

གཅིག ལོ་རྒྱུས་ཀྱི་རྒྱབ་ལྗོངས།

༡.བཟོ་རྩལ་བརྒྱུད་འཛིན་ས་ཁུལ་གྱི་རང་བྱུང་ཁོར་ཡུག་དང་མིའི་གནས་ལུགས།

བྲག་སྟེང་ཡུལ་ཚོ་མོ་ལམ(木楠)གྲོང་ཚོའི་ཆ་སྙོམ་དྲོད་ཚད་ཏུའུ13.9Cཡིན་ཞིང་ལོ་རེར་ལོ་ཐོག་བརྔས་བསྡུས་ཐེངས་གཉིས་བྱས་ཤིང་གདའ།མཚོ་འཕགས་སྨི2090Cཡས་མན་ཡིན་ལ་ང་རང་བཅར་འདྲི་ཕྱིན་བའི་ཉིན་དེར་དྲོད་ཚད་ཏུའུ་གྲངས25ཙམ་ལ་སླེབས་འདུག མིའི་གནས་ལུགས་ཐད་ཅུང་བཤད་ན་བྲག་སྟེང་གྲོང་འདིར་སྲོལ་རྒྱུན་གྱི་རིག་གནས་ཅུང་ཕུན་སུམ་ཚོགས་པ་ཞིག་མཆིས་ཏེ་ཤིང་པར་རྐོ་མཁན་དང་བོད་ཆང་སྙོལ་མཁན། ཤིང་བཟོ། རྡོ་བཟོ། གོས་བཟོ། ད་རུང་རྫ་མཁན་མཁས་པ་སོགས་བྱོན་མྱོང་བ་ངག་རྒྱུན་དུ་གྲགས།

༢.བཟོ་རྩལ་བརྒྱུད་འཛིན་གྱི་འབྱུང་ཁུངས་དང་བརྒྱུད་ཐབས།

ཨ་མེ་ཟམ་མཁས་གསུངས་བར་གཞིགས་ན་ཤོག་གུ་བཟོ་ཐབས་བྱུང་བའི་དུས་གསལ་ཆ་ངེས་པ་ཞིག་མི་རྟོགས་ཀྱང་ཡུལ་འདིའི་མེས་པོས་གསར་གཏོད་བྱས་པ་ཁ་ཚོན་བཅད་ཆོག་སྟེ་རྒྱུ་མཚན་ནི་ཤོག་རྒྱུའི་ཤིང་ཁུར་རྗེ་དང་རྩི་རུ(ཁྱིམ)སོགས་བྲག་སྟེང་གྲོང་གི་གཞི་འདིར་ཁྱབ་ནས་སྐྱེས་ཡོད་པའི་ཕྱིར་རོ། འོ་ན་ལུང་པ་འདིའི་སྔ་རབས་རྣམས་ཀྱིས་ཚུལ་ཅི་འདྲའི་སྒོ་ནས་བཟོ་རྩལ་འདི་རྗེས་རབས་པ་རྣམས་ལ་བརྒྱུད་བ་རེད་ཅེ་ན།ཨ་མེ་ཟམ་མཁས་མ་གཞི་གདོད་མའི་ཤོག་གུ་བཟོ་རྩལ་འདི་ལོབ་དཀར་མོ་ཞིག་མེད་ལ་ད་སྔོན་ཁྱིམ་རྒྱུད་བར་བརྒྱུད་པའི་ཐབས་ནི་སྤྱི་ཁྱབ་ཏུ་ཡིན་གསུངས།

གཉིས། ཤོག་གུའི་མ་རྒྱུ།

ཤོག་གུའི་མ་རྒྱུ་རྒྱུན་སྤྱོད་གཙོ་བོར་བགྲངས་བ་གཉིས་ཡོད་དེ་ཡུལ་དེའི་སྐད་ལ་ཁུར་རྗེ་དང་ཁྱིམ་མམ་རྩི་རུ་ཞེས་པའི་ཤིང་རིགས་གཉིས་སོ། །ཤིང་དེ་གཉིས་སྦྱོར་བ་བྱེད་ཐབས་ཕལ་ཆེར་གཅིག་མཚུངས་ཡིན་ཡང་ཞིབ་ཆའི་ཆེད་དུ་སོ་སོར་གླེང་བར་བྱ་སྟེ། ཁུར་རྗེ་ཞེས་པའི་ཤིང་འདི་ཡུལ་ལུང་འདིར་དཀོན་མོ་ཙམ་ཡིན་ལ་ཤིང་མདོག་དམར་སྐྱ་ཤིང་རིས་ཐུར་རྒྱུག་ཅན་ཞིག་དང་ཡལ་ག་བཅད་པའི་སྐབས་ཤུན་སྤགས་ཀྱི་གསེང་ནས་འོ་མ་འདྲ་བའི་གཤེར་གཟུགས་ཐོན་ཞིང་རེག་ཚེ་འབྱར་བག་ཤིན་ཏུ་ཆེ། ཨ་མེ་ཟམ་མཁས་གསུངས་བར་བལྟས་ན་ཤིང་འདིའི་ལོ་མ་ཆར་ལྡན་དབྱར་གྱི་དུས་སུ་ནར་མོའི་དབྱིབས་སུ་གྲུབ་ཅིང་ཆེ་ཆུང་ལག་མགོ་ཙམ་རྒྱས་པ་དང་སྡོང་བོའི་རིང་ཚད་ཆེ་ཤོས་ལ་སྨི་དགུ་ཙམ་འདུག ཤིང་འདི་སྤྱི་ཟླ་བཞི་པ་ཙམ་ལ་སླེབས་དུས་ལོ་མ་མཐེ་མོའི་ཆེ་ཙམ་བརྟས་པའི་སྐབས་ཕྱི་ནང་གི་ཤུན་ལྤགས་གཉིས་ཀ་མཉམ་དུ་བཟོ་གྲི་རྣོན་པོས་ཐག་བརྡོགས་ལྟར་བཤུས་ནས་ལེགས་པར་སྐེམ་དགོས་སོ། ཁྱིམ་མམ་རྩི་རུ་ཟེར་བའི་ཤིང་འདི་ཡང་ཅུང་དཀོན་ཞིང་ཤིང་དེའི་རྩ་བ་སྙི་མོ་དེ་སྤྱི་ཟླ་ལྔ་པ་དང་དྲུག་པ་ཙམ་ལ་བརྐོས་ནས་སྐེམ་དགོས་འདུག ཤིང་འདི་བཙོ་སྐབས་ཁུར་རྗེ་ལས་ཅུང་ཚོས་དཀའ་བས་བེད་སྤྱོད་གཏོང་མཁན་ཅུང་ཉུང་།

གསུམ། ཤོག་གུ་བཟོ་བྱེད་ཀྱི་ལག་ཆ།

སྦང་སྣོད——རྡོ་གཞོང་ངམ་ཀ་ཏོ་ར། བཟོ་གྲི་རྣོན་པོ། བཙོ་སྣོད། ཚགས་མ་ཞིབ་མོ། རྡོ་གདན། རྡུང་ཐོ། དཀྲུག་གདོང་། བླུག་གཞོང་།

དཀྲུག་བྱེད། དཀྲུག་མདོང་། བླུག་གཞོང་།(ཤོག་བྲེ) ཤོག་རིང་གཉིས་བླུག་ཆོག་པ།

བཞི། ཤོག་གུ་དངོས་སུ་བཟོ་ཐབས་དང་གོ་རིམ།

གོ་རིམ་དང་པོ——བསྐལ་ཟིན་པའི་ཤོག་རྒྱུ་ཐག་བརྡོག་འདྲ་བོ་དེ་སྦང་སྣོད་ཆུ་འཁྱགས་འཁྱིལ་བར་སྦངས་ནས་ཉིན་གཅིག་ཙམ་ལ་དྲི་མ་ངན་པ་བྲོ་དུས་སྦང་ཚད་ལོངས་བའོ། 

གོ་རིམ་གཉིས་པ——སྦང་ཚད་ལོངས་བའི་ཤུན་སྤགས་ཕྱིར་ལེན་ནས་རྒྱབ་ངོས་ཀྱི་དྲེག་སྐོགས་བཟོ་གྲི་རྣོན་མོས་གཞོག་ནས་གཙང་མར་བགྱིད་དགོས།

གོ་རིམ་གསུམ་པ——གཙང་བཟོ་ཟིན་པའི་ཤོག་རྒྱུ་བཙོ་སྣོན་ནང་བཙོས་ཤིང་མཉམ་དུ་ཚགས་མ་ཞིབ་མོས་འཚགས་ཟིན་པའི་ཐལ་དཀར(ས་དཀར)མང་ཉུང་འོས་ཤིང་འཚམ་པ་ཞིག་བླུག་དགོས་ལ་ཤོག་མདོག་དཀར་པོ་ཡོང་བའི་ཆེད་དུ་ཡིན་ནོ།

གོ་རིམ་བཞི་པ——བཙོས་ནས་སྙི་མོ་ཚོད་མ་བཞིན་གྱུར་རྗེས་ཕྱིར་ལེན་ནས་ཆུ་ནང་གཙང་དཀྲུས་ཚར་རྗེས་རྡོ་གདན་འཇམ་ཞིང་མཁྲེགས་པར་བླུགས་ནས་རྡུང་ཐོས་སྙོམས་པར་ཞིབ་མོ་འདམ་བག་ལྟར་མཉེན་ཞིང་སྙི་ལ་རྩུབ་རེག་དང་བྲལ་བར་བརྡུང་དགོས་སོ།

གོ་རིམ་ལྔ་པ——དེ་ནས་བླུག་གཞོང་ནང་བླུག་ཚད་དང་བསྟུན་ནས་བརྡུངས་ཟིན་པའི་ཤོག་རྒྱུ་ཚད་ངེས་ཅན་ཞིག་དཀྲུག་མདོང་ནང་བླུགས་ནས་དཀྲུག་བྱེད་ཀྱིས་གར་སླ་འཚམ་ཞིང(གར་སོང་ན་བཙོ་ཁུ་བཏིག་ཆོག)མ་རྨོས་ལོ་ཏོག་གི་ཁུ་བ་ལྟར་གྱུར་ཚེ་དཀྲུགས་ཚད་ལོངས་བ་ཡིན།

གོ་རིམ་དྲུག་པ——དཀྲུགས་ཚད་ལོངས་བའི་ཁུ་བ་དེ་ས་ངོས་ཁོད་མཉམ་ལ་འཇོག་པའི་བླུག་གཞོང་ནང་སྲབ་མཐུག་རན་པ། ཁོད་སྙོམས་པ། ཚད་གཞི་དང་མཐུན་པར་བླུགས་ནས་ཆུ་ཚོད་གཅིག་ཙམ་སྒུག་རྗེས་བླུག་གཞོང་རིམ་བཞིན་གྱེན་དུ་སློང་དགོས་ལ་བླུགས་པའི་ཤོག་གཟུགས་མི་འགྱུར་བར་གཟབ་ནས་ཆུ་ཟགས་ཐབས་བྱ་དགོས། ཐེ་ཚོམ་མེད་སྐབས་བླུག་གཞོང་ཅི་བདེར་སློང་ནས་ཉི་འོད་འོག་སྐམ་ཐབས་བྱེད་ན་ཆོག

གོ་རིམ་བདུན་པ——ཤོག་གུ་ཡོངས་སུ་བསྐམ་ནས་དོགས་པ་མེད་ཚེ་སེམས་ཆུང་ངང་བླུགས་གཞོང་ནས་རིམ་བཞིན་བཀོག་དགོས་ལ་དེ་ནས་ཇེམ་ཙེ་རྣོན་པོས་ཆེ་ཆུང་མཚུངས་བའི་ལྡེབ་རིང་གཉིས་སུ་འདྲ་ན་རུང་ངོ་།

ལྔ། ཤོག་གུ་ཉར་ཐབས།

༡.སྣུམ་གྱི་རིགས་མི་འབྱར་བར་བྱ་དགོས།

༢ .དྲ་དྲེག་གིས་མི་བསླད་བར་གཟབ་དགོས།

དྲུག ཤོག་གུ་འདིའི་ཁྱད་ཆོས།

༡.ཡུན་རིང་ག་ཚོད་འཇོག་ཀྱང་འབུ་སྲིན་སྐྱེ་མི་སྲིད་པ།

༢.ཡིག་རིགས་སྣ་ཚོགས་བྲི་ཆོག་ཅིང་ལྷག་པར་སྨྱུག་གིས་ཡི་གེ་འབྲི་ས་བཟང་ངོ་།

བདུན། ཤོག་ངོས་འཇམ་བརྡར་བྱེད་ཐབས།

རྩུབ་རེག་དང་བྲལ་བའི་ཆུ་རྡོ་འཇམ་པོས་ཤོག་ངོས་སུ་ཡང་ཞིང་མཚམས་མ་ཆད་ནས་བརྡར་དགོས་པ་དང་ཤོག་གུ་མི་རལ་བར་སེམས་ཆུང་བྱ་དགོས་ཤིང་གཞན་པའི་དོན་དག་གསལ་ཆ་མེད་དོ།།


  • ལེ་ཚན་སྔོན་མ།:མཁས་དབང་ལྟག་བླ་མ་མཆོག་གི་རྡོ་རྗེ་ཕ་ལམ་སྐོར་གྱི་གསུང་རིན་ཐང་ཅན།
  • ལེ་ཚན་རྗེས་མ།:བོད་ཀྱི་སྦྲ་ནག་གི་རྒྱུ་ཆ་དང་དེའི་ཁྱད་འཕགས་ཀྱི་བཟོ་རྩལ་རིག་གནས།
  • དོ་སྣང་ཆེ་བའི་རྩོམ།