རང་ཁུལ་གྱིས2018ལོར་རྒྱལ་ཕྱི་ནང་གི་ཁེ་ལས་གྲགས་ཅན་སི་ཁྲོན་དུ་སྐྱོད་པའི་བྱེད་སྒོར་ལས་གཞི121འོས་སྦྱོར་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2018-04-24

སྤྱི་ཟླ4པའི་ཚེས18ཉིན། 2018ལོར་རྒྱལ་ཕྱི་ནང་གི་ཁེ་ལས་གྲགས་ཅན་སི་ཁྲོན་དུ་སྐྱོད་པའི་བྱེད་སྒོ་སྤེལ་བའི་གོ་སྐབས་དང་བསྟུན་ནས་རང་ཁུལ་གྱི་ཁྱད་འཕགས་ཐོན་ལས་ཐད་མ་དངུལ་གཏོང་འཇོག་གི་མཉམ་ལས་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཐེངས་འདིར་འོས་སྦྱོར་བྱས་པའི་གྲོས་ཚོགས་ནང་ཡུལ་སྐོར་ལས་རིགས་དང་ཞིང་འབྲོག་ལས་རིགས། རྒྱལ་བོད་སྨན་རྩྭ་ལས་རིགས་སོགས་གཙོ་གནད་བྱས་ཏེ་ཁྱོན་བསྡོམས་ཚོང་འགུགས་ལས་གཞི121དྲིལ་བསྒྲགས་དང་འོས་སྦྱོར་བྱས་པར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར564ཙམ་གཏོང་འཇོག་བྱ་རྒྱུ་ཡིན་པ་རེད།

ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཐེངས་འདིའི་འོས་སྦྱོར་གྲོས་ཚོགས་ནང་ཞུགས་པའི་ཁེ་ལས་ཀྱི་འཐུས་མི་དང་ཆེད་དོན་གདན་ཞུའི་སྐུ་མགྲོན་ལ་དགའ་བསུ་ཞུ་པ་རེད། ཁོང་གིས་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི15.3ཡོད་པའི་དཀར་མཛེས་ཁུལ་དུ་གངས་རི་དང་རྩྭ་ཐང་། ནགས་ཚལ། མཚེའུ། འཁྱགས་ཀླུང་བཅས་རང་བྱུང་ཐོན་ཁུངས་ཡོད་ཅིང་། མཛའ་གཞས་རིག་གནས་དང་གསར་བརྗེའི་རིག་གནས། གླིང་སྒྲུང་རིག་གནས་བཅས་གཞི་གཅིག་ཏུ་གནས་པ་ཡིན་ལ། སའི་གོ་ལའི་ཐོག་གི་ཆེས་མཐའ་མཇུག་གི་དྭངས་གཙང་གི་ས་གནས་ཀྱང་ཡིན་པས། ཁེ་ལས་པས་མ་དངུལ་གཏོང་འཇོག་བྱས་ནས་འཕེལ་རྒྱས་གཏོང་ཡུལ་བཟང་པོ་ཞིག་ཡང་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐུགས་ཁུར་དང་བརྩེ་སེམས་ཟབ་མོ། རྒྱབ་སྐྱོར་ཆེན་པོ་གནང་འོག རང་ཁུལ་གྱིས་ཁུལ་ཨུས་གཏན་འཁེལ་བྱས་པའི་དམིགས་འབེན་གཅིག་དང་འགག་རྩ་གཉིས། དོན་ཆེན་གསུམ། ཞན་ཆ་ཆེན་པོ་བཞི་ཁ་གསབ་བྱ་རྒྱུ། རྨང་གཞི་ཆེན་པོ་ལྔ། འཐབ་ཇུས་ཆེན་པོ་དྲུག་བཅས་ཀྱི་ལས་ཀ་སྤྱིའི་བཀོད་སྒྲིག་ལྟར་མཛེས་སྡུག་དང་སྐྱེ་ཁམས། འཆམ་མཐུན། འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་སུ་འཛུགས་སྐྱོང་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་བྱུང་བ་དང་དམངས་འཚོ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་ཡིན་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་ཧུར་བརྩོན་ཆེན་པོ་ཡིན་པའི་རྣམ་པ་བཟང་པོ་ཞིག་ཐོན་ནས། དཀར་མཛེས་ཁུལ་གྱི་བོད་ཁུལ་དུ་རྩ་བའི་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་ཡོད་པར་བརྟེན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སྐྱོད་བཞིན་ཡོད་ཅེས་གསུངས་པ་རེད།

ལིའུ་ཁྲེང་མིང་གིས་རྒྱུ་ནོར་གསར་སྐྲུན་བྱས་ནས་ཕྱོགས་གཅིག་གོང་དུ་སྤེལ་བ་ནི་ཁེ་ལས་ལ་བརྟེན་དགོས་པ་དང་། ཁོར་ཡུག་ལེགས་པོ་བསྐྲུན་ནས་ཁེ་ལས་ཕྱུག་པོར་འགྱུར་ཐབས་ནི་སྲིད་གཞུང་དང་ང་ཚོ་ཚང་མར་བརྟེན་དགོས། ང་ཚོས་རང་ཁུལ་དུ་ཡོང་བའི་ཁེ་ལས་པར་བསམ་པ་རྣམ་དག་གིས་དགའ་བསུ་ཞུ་རྒྱུ་ཡིན། ས་ཞིང་དང་ཁྲལ་བསྡུ། མ་དངུལ་སྡུད་པ། བྱ་དགའ། ཐོ་འགོད། གཏན་འབེབས་རིན་དོད། ཤེས་ལྡན་མི་སྣ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་འཐུས་ཚང་དང་དོན་འཁྱོལ་བྱས་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། མ་དངུལ་གཏོང་འཇོག་བྱེད་སའི་ཁོར་ཡུག་བཟང་པོ་ཧུར་ཐག་བསྐྲུན་ནས་རང་ཁུལ་གྱིས་ཁེ་ལས་འཕེལ་རྒྱས་གཏང་རྒྱུར་རྒྱབ་སྐྱོར་སྔར་ལས་ཆེན་པོ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཞའོ་ཡིའུ་ཚའེ་ཡིས་ཡུལ་སྐོར་ལས་རིགས་དང་ཞིང་འབྲོག་ལས་རིགས། རྒྱ་བོད་སྨན་རྩྭ་ལས་རིགས་བཅས་ཀྱིས་གཙོ་བོ་བྱས་ནས། ཚོགས་ཞུགས་ཁེ་ལས་ལ་མ་དངུལ་བཏང་ནས་མཉམ་ལས་བྱེད་སའི་ལས་གཞི121དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར564ཙམ་གཏོང་འཇོག་བྱ་རྒྱུ་ཡིན་ཞེས་འོས་སྦྱོར་མཛད་པ་རེད།།


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གི་ལས་བྱེད་པ་དང་མང་ཚོགས་དཔྱིད་རྨོད་ལས་ལ་བྲེལ།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་གིས་ཤིང་སྡོང་ཁྲི་ལྔ་བཙུགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།