རྐང་འོག་ཏུ་ལྷུང་བའི་སྒོར་མོ།༣

བོད་རྩེ་རྒྱལ། དཀར་མཛེས།        2018-01-22

     འོན་ཀྱང་།ད་ཐེངས་ངས་སེམས་ཁུར་བྱས་པ་དེ་དོན་མེད་ཅིག་ཡིན་པ་འདྲ་སྟེ།ཕ་མ་གཉིས་ཀྱིས་ང་རང་སད་མ་ཐག་ནས་སློབ་གྲྭར་འགྲོ་བའི་སྐོར་དང་།ལྭ་བ་གསར་བ་ཉོ་བའི་སྐོར།བུ་རམ་ཞིམ་པོ་ཉོ་བའི་སྐོར་ཏག་ཏག་གླེང་ནས་ང་རང་དགའ་ཅི་ཐུབ་བྱེད།

     ཉིན་འདི་ཚོར་ང་རང་སྨན་ཁང་དུ་སྐྱིད་ཆེ་ནས་ད་ལྟ་ཕྱི་རུའང་འབུད་བསམ་གྱིན་མི་འདུག ཟ་ཐེངས་མང་པོར་གྲོང་ནས་ཉོས་པའི་ཤ་ཚོད་བཟས་ཤིང་རྒྱ་ཐུག་འཐུང་། བལ་ལྟར་འཇམ་པའི་མལ་ས་རུ་ཅི་འདོད་འདོད་ཅིག་ཉལ། ཕ་མ་གཉིས་ཀྱི་གདོང་ལའང་བྱམས་བརྩེ་ཡི་འོད་ཟེར་རྒྱས་ཏེ་ང་དང་ནུ་མོ་གཉིས་ལ་ཚིག་རྩུབ་གཅིག་ཀྱང་སྨྲས་མ་བྱུང་།ངས་སྨན་ཁང་གི་སྒོ་ཆེན་ནས་འདི་ལྟར་བསམ་བློ་གཏོང་ཞོར་ཕྱི་རུ་སོང་།

     མདུན་དུ་མལ་གོས་ལྟེབ་མ་རྒྱབ་ཏུ་ཁུར་ནས་འགྲོ་བཞིན་པའི་ཨ་ཕ་ལ་བལྟས་ཚེ།ངའི་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་ཞིག་འཕྱུར་ནས་མིག་ཆུ་ཤོར། དོན་ངོ་མར།།བུ་ཕྲུག་ལ་དུང་བ་མེད་མཁན་གྱི་ཕ་མ་ཞིག་གང་དུ་ཡོད།

    ང་རང་སྨན་ཁང་ན་ཡོད་དུས།ཐེངས་ཤིག ཨ་ཕ་གྲོང་དུ་ཟ་མ་ཉོ་རུ་སོང་བའི་གོ་སྐབས་དང་བསྟུན་ནས་ཨ་མས་ང་ལ་ཉིན་དེའི་གནས་ཚུལ་གླེང་བྱུང་། ཉིན་དེར་ང་རང་ཆུ་ནང་དུ་ལྷུང་མ་ཁད།ཨ་ཕ་ཡང་ངའི་རྒྱབ་ཏུ་ཆུ་ནང་ལ་མཆོངས་ཏེ་སྨྱོས་པ་ལྟར་ང་ལ་ལག་སྙོབ་བྱས་ཤིང་སྐད་ཅོར་བརྒྱབ།ཆབ་རོམ་གྱིས་གང་བའི་ཆུ་བོས་ང་དང་ཨ་ཕ་གཉིས་མཉམ་དུ་ཁྱེར།ཨ་མས་ནུ་མོ་པང་ནས་ངུ་ངག་རྒྱག་ཞོར་ཆུ་མཐའ་ནས་མར་བརྒྱུགས། ཧ་ལམ་ཟམ་གྱི་འོག་ནས་བུད་དེ་ཅུང་ཙམ་འགོར་དུས་ཨ་ཕས་བེམ་པོ་ལྟ་བུར་གྱུར་ཟིན་པའི་ང་རང་གཞི་ནས་ཟིན། དེ་ལྟར་ཨ་ཕས་ང་རང་བྲང་གཞུང་དུ་བཀྱགས་ཏེ་རིམ་བཞིན་རིམ་བཞིན་ཆུ་མཐའ་ལ་འབུད་ཐུབ་བྱུང་།

  ང་རང་སྨན་ཁང་དུ་འཁྱེར་དུས།ཕྱི་ནས་བལྟས་ན་ཤི་ཚར་བ་དང་ཧ་ཅང་འདྲ།མཆུ་འདབས་སྔོན་པོར་གྱུར་ཅིང་དབུགས་ཀྱི་རྒྱུ་བའང་འགག་ཟིན་པས།གཏན་ནས་མིག་ཆུ་འཐོར་མ་མྱོང་བའི་ཨ་ཕ་ངུས་ཤིང་སྨན་ཁང་གི་བར་ཁྱམས་ནས་ཕྱག་འཚལ་བ་དང་གསོལ་འདེབས་བྱེད།

    ཨ་མས་དེ་ལྟར་བཤད་དུས།ངས་རང་གི་བྱ་སྤྱོད་ལ་ལྐོག་ནས་ལས་བདའ་བྱས།དྲང་མོར་བཤད་ན།ང་ཆུ་ནང་དུ་མཆོངས་འདོད་གཏན་ནས་མེད།ངས་བསམ་པ་ནི་ཕ་མ་གཉིས་ལ་སྐྲག་བསླངས་ཏེ་ང་རང་སློབ་གྲྭ་རུ་སྐྱེལ་དགོས་པའི་གོ་བརྡ་སྟོན་ཁུལ་ཡིན་མོད།མ་བསམ་ས་ནས་ཆུ་ནང་དུ་ལྷུང་སྟེ་ཕ་མ་གཉིས་ཀྱི་སྙིང་འགད་ལ་ཁད་དང་རང་གི་སྲོག་ཀྱང་ཤོར་ལ་ཁད་ཀྱི་དོན་དེ་བྱུང་བ་རེད།

    ཡང་ད་ལྟ་བསམ་བློ་རེ་བཏང་ན།ངས་ཉིན་དེར་བསྒྲུབས་པའི་བྱ་བ་དེ་ངེད་ཚང་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་རེད། གལ་ཏེ་ཉིན་དེར་ངས་བྱ་བ་དེ་བསྒྲུབ་མེད་ན།ཕ་མ་གཉིས་ཀྱིས་སྤྲང་པོའི་ལས་ཀ་དེ་འདོར་མི་སྲིད་ལ་ང་ཡང་སློབ་གྲྭ་རུ་འགྲོ་མི་ཐུབ།དེ་ལས་གལ་ཆེན་ཞིག་ཡོད་པ་ནི།ངའི་སྙིང་ཉེ་བའི་ནུ་མོ་སློབ་གྲྭར་བསྐྱོད་རྗེས།བུད་མེད་ཀྱི་འཕྲོད་བསྟེན་གླེང་བའི་ཚོགས་པ་མང་པོར་ཞུགས་ཏེ་མི་རིགས་ལ་ཞབས་ཞུའི་ཚུལ་དུ་བཙུགས་པའི༼ཨ་མའི་རྒྱུན་ཤེས༽ཞེས་པའི་ཞབས་ཞུ་ལྟེ་གནས་འདི་འདྲ་རྩ་བ་ནས་འབྱུང་མི་སྲིད།གང་ལྟར།མི་ཞིག་གི་མདུན་ལམ་ནི་བར་ཆད་མང་པོའི་འགག་སྒོ་ནས་རྒྱང་དུ་རྐྱོང་འདུག་པ་དོན་དངོས་རེད།

    ང་ཚོ་སྨན་ཁང་ནས་བུད་པའི་ཕྱིར་ཉིན་ཕ་ཡུལ་དུ་སོང་བ་ཡིན།ངས་རླངས་འཁོར་གྱི་སྒེའུ་ཤེལ་མར་བསྣུད་དེ་ཕྱི་རོལ་གྱི་རྒྱབ་ནས་རྒྱབ་ཏུ་བསྐྱུར་བའི་གྲོང་ཁྱེར་འདིའི་ཁང་བརྩེགས་དང་མི་རྣམས་ལ་ལྟ་བཞིན་སེམས་སུ་སྤྲོ་བས་ཁེངས་བྱུང་།ང་རང་གྲོང་ཁྱེར་འདིར་འབྱོར་དོན་ནི་སློང་མོའི་ཆེད་དུ་ཡིན་མོད།དེ་རིང་གྲོང་ཁྱེར་འདི་ནས་ཆས་དོན་ནི་སློབ་སྦྱོང་གི་ཆེད་དུ་ཡིན་ལ།མི་ཚེ་ཡི་དོན་དུ་དེ་བས་ཀྱང་ཡིན།

    རྒྱུ་ལ་ཕྲ་མོ་ཞེས་པའི་རི་བོ་དེ་ནི་གླིང་སྒྲུང་ནང་གི་སྤྱི་དཔོན་དང་འདྲ་བར།རི་རྩེ་དང་རི་སྐེད་སྨུག་པས་བཟུང་ཞིང་།རུ་འདབས་ནས་གྱེན་དུ་བལྟས་ན་མགོ་སྐྲ་དཀར་བོ་དང་འདྲ་ལ།རི་རྩེ་ནས་ལ་སྐེད་དུ་བལྟས་ན་ཁ་སྤུ་རིང་པོ་ཞིག་ཐུར་དུ་རྐྱོང་འདུག་པ་དང་ཤིན་ཏུ་འདྲ།ང་ཚོ་རླངས་འཁོར་ལ་བསྡད་དེ་ཨ་མྱེ་སྤྱི་དཔོན་གྱི་ཨོག་ཚོམ་ནས་དལ་བུར་བགྲོད་ཅིང་རིམ་བཞིན་སྐྲ་གསེང་ནས་ཆས་ཏེ་ཕ་ཡུལ་གྱི་རི་ལུང་ཕྱོགས་སུ་བསྐྱོད་པ་ཡིན།

ལོ་རིམ་དྲུག་པའི་སློབ་མ་ཆེ་བོ་འགའ་སློབ་གྲྭའི་སྒོ་རྩར་བསྡད་དེ་བྱིས་པ་ཚོའི་ལག་ནང་ནས་སྲུང་སྐྱོབ་ཀྱི་གླ་ཆ་ཡིན་ཟེར་བའི་སྒོར་མོ་གཅིག་གཉིས་རེ་ལེན་གྱིན་འདུག ང་དང་སློབ་གྲོགས་འགའ་ཕར་འགྲོ་ཞོར་ཁོ་ཚོར་ཕུད་རྒྱག་ཅིག་བྱས་ཏེ་སློབ་གྲྭའི་སྒོ་ནང་དུ་འཛུལ་བ་ན།ཁོ་ཚོའི་ཁྲོད་ཀྱི་ཚོ་སྟུག་ངའི་མདུན་དུ་ཐོན་ནས་ཁུ་ཚུར་ཅིག་ངའི་འགྲམ་རྩར་གཏད་དེ་གཡུགས་སོང་།ངས་དེ་མ་ཁད་ཁོའི་ལག་པ་དམ་པོར་བཟུང་ཞིང་རྐང་པས་གཅིན་གཏོང་སར་ཤེད་ཀྱིས་ཐེངས་གཅིག་བརྒྱབ་པ་ན།ཁོ་ནི་ཕག་ཅིག་དང་འདྲ་བར་སྐད་ངན་ཞིག་ཤོར་ནས་ཐང་དུ་འགྱེལ་སོང་།

     ཚོ་སྟུག་ངེད་གཉིས་ནི་སློབ་གྲོགས་ཀྱང་ཡིན་ལ་དགྲ་ཟླ་ཡང་ཡིན།ཁོ་ནི་གཟུགས་ཐུང་ཞིང་ཤ་ཤིན་ཏུ་རྒྱག་པའི་བྱིས་པ་ཞིག་ཡིན་པས།ང་ཚོས་དུས་རྒྱུན་ཁོ་ལ་དྲོའུ་པ་ཅེ་༼猪八戒༽ཞེས་མཚང་མིང་ནས་འབོད། ཁོ་བྱིས་པ་བསམ་ནག་ཅིག་ཡིན་པས་གོ་སྐབས་ཅུང་ཙམ་རྙེད་དུས་ང་དང་འཛིང་རེས་བྱེད་ཅིང་།ཁོ་ལས་ཆུང་བའི་སློབ་མ་དག་ལ་དམན་སྡང་བྱེད།

དེ་རིང་སློབ་གྲྭ་ཚོགས་མགོ་བརྩམས་སོང་།ང་ཚོ་འཛིན་གྲྭའི་སློབ་མ་མང་པོ་ཞིག་སློང་དུ་སོང་ནས་ཕྱིར་ཐོན་མི་འདུག དོན་དག་དེ་ནི་རྒྱུན་ལྡན་ཞིག་ཡིན། ང་ཚོ་ལོ་རིམ་དང་པོ་ཡིན་དུས་སློབ་མ་ཉི་ཤུ་ལྷག་ཡོད་མོད། སློབ་སྐབས་རེ་ཕྱིན་དུས་གཅིག་གཉིས་རེ་ཉུང་དུ་འགྲོ་བས་ད་ལྟ་མཐར་ཕྱིན་ལ་ཉེ་དུས་འཛིན་གྲྭའི་ནང་དུ་སློབ་མ་ལྔ་ལས་ལྷག་མེད། ང་ཚོ་སློབ་མ་ལྔ་བོའི་གྲས་ནས་ཀྱང་སློབ་མཐར་ཕྱིན་རྗེས་ག་ཚོད་ཅིག་སློབ་གྲྭར་བསྐྱོད་སྲིད་པ་ནི་གབ་ཚིག་ཅིག་རེད།

    ཚོགས་དྲིལ་གྲག་སོང་། ང་ཚོ་རང་གི་འདུག་སྟེགས་སུ་བསྡད་དེ་བོད་ཡིག་དགེ་རྒན་ཡོང་བར་བསྒུགས། གཅིག་བྱས་ན་རང་སྐད་ཡིན་པས་ཡིན་སྲིད་ལ།ཡང་གཅིག་བྱས་ན།ང་ཚོ་ལ་རླབས་ཆེན་གྱི་བོད་ཡིག་དགེ་རྒན་ཞིག་ཡོད་པས་ཡིན་སྲིད་དེ།ང་ཚོའི་ཕ་ཡུལ་གྱི་སློབ་མ་རྣམས་རྒྱ་ཡིག་དང་རྩིས་རིག་ལ་ཞན་ཡང་།བོད་ཡིག་གི་རྨང་གཞི་ཤིན་ཏུ་བཟང་། ཁོང་ནི་རྒྱ་གར་གྱི་༼གོ་ལའི་སྟེང་གི་སྐར་མ་༽ཞེས་པའི་གློག་བརྙན་ནང་གི་དགེ་རྒན་ནིས་ཁི་དང་ཤིན་ཏུ་མཚུངས་ཏེ།ངས་ཁོང་གིས་སློབ་མ་གཅིག་ཀྱང་རྒྱབ་ཏུ་དོར་བ་མཐོང་མ་མྱོང་།

    ང་ཚོའི་བོད་ཡིག་དགེ་རྒན་གྱི་གཟུགས་རིང་ཞིང་ཤ་སྐམ་པོ་ཡོད། ཡིན་ནའང་།དེ་རིང་དགེ་རྒན་གཞན་ཞིག་ཐོན་ནས་ང་ཚོར་བོད་ཡིག་ཁྲིད་འགོ་བརྩམས།ང་ཚོ་མགོ་ཐོམ་དུ་བཅུག་སོང་། ངས་ལག་པ་བཀྱགས་ནས་ང་ཚོའི་དགེ་རྒན་གང་དུ་སོང་བ་རེད་དྲིས་མོད།དགེ་རྒན་གསར་བ་དེས་ཅིའང་མ་ཐོས་ཁུལ་གྱིས་མུ་མཐུད་དུ་སློབ་ཁྲིད་བྱས།

    སློབ་གྲྭ་ནས་བོད་ཡིག་དགེ་རྒན་མཐོང་མི་ཐུབ་པ་ནི་ང་ལ་མཚོན་ན་སྡུག་བསྔལ་ཞིག་རེད། ཁོས་ལོ་རིམ་དང་པོ་ནས་ང་ལ་བོད་ཡིག་བསླབས་ཤིང་ལམ་སྟོན་མཛད།ང་རང་ཁྲིད་དེབ་ལས་གཞན་གླིང་སྒྲུང་དང་བྱིས་སྒྲུང་།འདྲེ་སྒྲུང་སོགས་ལ་དགའ་དོན་ཡང་དགེ་རྒན་ཁོང་གིས་ལམ་སྟོན་བྱས་པས་ཡིན།ཁོང་གིས་བཤད་རྒྱུར།ཁང་པ་གཅིག་གི་ནང་དུ་ཡོད་པའི་ཅ་ལག་ལ་ཚད་ཡོད་ཅིང་།དེ་ཕོ་བྲང་ཞིག་གི་ནང་དུ་ཡོད་པའི་ཅ་ལག་དང་བསྡུར་ན་གཏན་ནས་མི་འདྲ།ཁྱོད་ཚོ་ངེས་པར་དུ་ཁང་པ་ལས་ཕོ་བྲང་དུ་བསྐྱོད་ཤེས་དགོས་ཤིང་ཕོ་བྲང་ལས་ཕྱི་རོལ་དུ་བསྐྱོད་ཐུབ་དགོས་ཞེས་སློབ་སྟོན་གནང་། དེ་རིང་ངས་དངོས་གནས་ཁོ་རང་དྲན་གྱིན་འདུག

     ང་རང་དྲིལ་བརྡ་དང་མཉམ་པོར་སློབ་ཁང་དུ་འཛུལ་གྱིན་ཡོད་དུས།ཚོ་སྟུག་བརྒྱུགས་ཡོང་ནས་ཨ་རོགས། ཁྱོད་ཀྱིས་ཨེ་གོ། སློབ་གཙོས་མགོ་ཁྲིད་ཚོ་ལ་བསམ་འཆར་བརྒྱབ་སྟེ་བོད་ཡིག་དགེ་རྒན་ཕུད་པ་རེད་ཟེར་གྱིན་འདུག་ཅེས་ལབ་བྱུང་།ང་ཧ་ལས་ཏེ་ཅིའི་ཕྱིར་རེད་ཅེས་དྲིས་པ་ཡིན།ཁོས་བཤད་པ་བདེན་ན།བོད་ཡིག་དགེ་རྒན་གྱིས་སློབ་གཙོ་ལ་གཅར་རྡུང་བྱས་པས་རེད་ཟེར་ཞེས་ལབ་བྱུང་།ངས་ཡང་བསྐྱར་བོད་ཡིག་དགེ་རྒན་གྱིས་ཅིའི་ཕྱིར་སློབ་གཙོ་གཅར་དགོས་པ་རེད་དྲིས་པས།ཁོས་དེ་ངས་ག་ལ་ཤེས་ཞེས་བཤད་དེ་སློབ་ཁང་དུ་འཛུལ་སོང་།

     སློབ་གྲྭ་གྲོལ་སོང་།ངས་དཔེ་ཁུག་ཁུར་ནས་རྐྱང་བོར་ཁྱིམ་དུ་འགྲོ་དུས།ལམ་འགྲམ་དུ་ཉི་མར་ལྡེ་བའི་རྒན་པོ་ཞིག་གིས་དགོད་ཞོར་དུ། ཁོ་རེ། ཁྱོད་ཚོའི་དགེ་རྒན་ངན་པ་དེ་བརྗེས་སོང་ཟིག་ཟེར་གྱིན་འདུག་པས་བདེན་པ་ཨེ་རེད་ཅེས་དྲིས་བྱུང་།ངས་ཁོང་གིས་བཤད་པའི་དགེ་རྒན་ངན་པ་དེ་སུ་ལ་ཟེར་བ་གོ་བས་སེམས་སུ་ཙག་ཤད་ཅིག་བརྒྱུགས་བྱུང་།ང་ཁོང་ཁྲོ་ལངས་ནས་རྒན་པོ་དེར་ལྟ་ཞོར། བརྗེས་སོང་ན་ཅི་རེད།མ་བརྗེས་ནའང་ཅི་རེད།ཁྱོད་ལ་འབྲེལ་བ་ཡོད་དམ།རྒན་པོ་ཁ་མ་མང་ཨྰ་ཞེས་བཤད་ནས་གནས་དེ་དང་བྲལ་བ་ཡིན།ང་སོང་ཤུལ་ན་རྒན་པོ་དེས་སྤྲང་ཕྲུག་ཅིག་ཅིག་ཅེས་ལབ་ཀྱིན་འདུག་མོད་ངས་མཉམ་མ་བཞག་སྟེ་སོང་།

    མདུན་དུ་འགྲོ་ཞོར་ངས་བོད་ཡིག་དགེ་རྒན་བརྗེ་དགོས་པའི་རྒྱུ་མཚན་ལ་བསམ་བློ་བཏང་བ་ཡིན།དོན་ངོ་མས་བཤད་ན།ངས་སྐད་ཆ་དེ་གོ་བ་ནས་རྒྱུ་མཚན་ཅི་ཡིན་གསལ་བོར་རྟོགས་མོད།རེ་ཞིག་ལ་ཁས་ལེན་བྱེད་མི་འདོད་པ་ཙམ་རེད།ངའི་རེ་བ་ནི་བོད་ཡིག་དགེ་རྒན་འགྲོ་མི་དགོས་པ་དེ་ཡིན་མོད།ངའི་སྙིང་དང་འདྲ་བའི་བོད་ཡིག་དགེ་རྒན་ཁོང་ལ་གྱེས་ཕྱག་ཀྱང་འབུལ་བའི་གོ་སྐབས་མ་བྱུང་བར་བྲལ་དགོས་ཐུག

    འོན་ཀྱང་།ལས་དབང་ཟེར་བ་དེ་བཟི་རྐྱལ་ཞིག་དང་འདྲ་སྟེ།བཟི་སོང་དུས་ཉག་ཉོག་མི་འགྲིག་པ་བརྒྱ་བསྒྲུབས་ལ།བཟི་ལས་དྭངས་དུས་དོན་བཟང་བཟང་ཐམས་ཅད་མཉམ་དུ་སྒྲིག་འཇོག རྗེས་ནས་ང་རང་སྲོང་བཙན་བོད་ཡིག་སློབ་གྲྭ་རུ་བསྐྱོད་དུས་ངའི་སྙིང་ཉེ་བའི་བོད་ཡིག་དགེ་རྒན་དེ་རུ་བཞུགས།ཁོ་རང་སློབ་གྲྭ་དེར་དགེ་སློབ་ཀུན་གྱིས་བརྩི་བའི་བཤེས་གཉེན་ཆེན་པོ་ཞིག་ཏུ་གྱུར་འདུག་ཅིང་།སྔོན་ཆད་དང་བསྡུར་ན་ཤ་ཡང་རྒྱགས་པ་ཆགས་འདུག

     སྡེ་བ་འདིས་དགེ་རྒན་བཟང་བོ་དག་ནམ་ཡང་འདི་ལྟར་ཕུད་ཀྱིན་ཡོད།ཁོ་ཚོས་སློབ་མའི་མི་ཚེ་ལ་བློ་དཀར་བའི་དགེ་རྒན་རྣམ་པར་ཁ་མང་དང་དད་ལོག་པའི་མིང་ངན་བཏགས་ཏེ་ཟུར་དུ་ཕུད་ཀྱིན་ཡོད།ཁོ་ཚོར་མཚོན་ན།སློང་དུ་འགྲོ་བ་ནི་སྲོལ་རྒྱུན་ཡིན་ལ།སྲོལ་རྒྱུན་ནི་ཆོས་ལུགས་ཡིན་པས་དེ་ལ་མི་འགྲིག་པར་བཤད་ནི་ཆོས་ལུགས་ལ་དད་པ་མེད་པའི་རྟགས་སུ་བརྩི།

    ཡུལ་ལུང་འདིའི་མི་རྣམས་ལ་ཅི་ཞིག་བྱུང་ཟིན་པ་སུ་ཡིས་ཤེས།ཚང་མའི་དམིགས་ཡུལ་ནི་སྒེར་གྱི་དམིགས་ཡུལ་ཡིན་དགོས་ལ།སྒེར་གྱི་དམིགས་ཡུལ་ནི་མགོ་གཡོག་མགོ་སྐོར་འོག་ནས་བསྒྲུབ་ན་ད་གཟོད་དཔའ་བོར་བརྩི།

     ང་རང་ཁྱིམ་དུ་ཐོན་མ་ཁད་ངུས་པ་ཡིན།ཕ་མ་གཉིས་ཀྱིས་ང་གློ་བུར་དུ་ངུས་པའི་རྒྱུ་མཚན་མ་ཤེས་ཤིང་མྱུར་གྱིས་ཚུར་བརྒྱུགས་ནས་ཅི་ཞིག་བྱུང་བ་རེད་ཅེས་དྲིས་བྱུང་།ངས་འགྲམ་པ་ནས་ཐུར་དུ་ཆུ་རྡོག་བཞིན་འགྲིལ་གྱིན་པའི་མིག་ཆུ་དག་ཕྱི་ཞོར།ང་ཚོའི་བོད་ཡིག་དགེ་རྒན་ས་གནས་གཞན་པར་བརྗེས་སོང་ཟིག་ཅེས་བཤད་པ་ཡིན། ཁོང་གཉིས་ཀྱིས་དོན་དེ་སྔུན་ནས་ཤེས་ཟིན་པ་དང་འདྲ་བར།ངའི་སྐད་ཆ་དེ་གོ་མ་ཐག་རྒྱུན་ལྡན་གྱི་རྣམ་འགྱུར་ཞིག་ལས་ཅིའང་མངོན་མ་སོང་།

    ཨ་ཕས་ང་པང་དུ་བླངས་ནས་འོ་ཞིག་བྱས་རྗེས། ཕ་ལོ།དགེ་རྒན་བརྗེས་ཚར་ཡང་ཁྱོད་ཀྱིས་མུ་མཐུད་དུ་ཡི་གེ་སློབ་དགོས། ད་ངས་ཀྱང་ཐག་བཅད་ཟིན།ང་རང་སང་ཉིན་ནས་ཞོར་ལས་ལ་འགྲོ་རྒྱུ་ཡིན།ཨ་མས་ཀྱང་ནུ་མོ་དང་ཁྱོད་གཉིས་ལ་བདག་སྐྱོང་བྱེད་ཞོར་ཞིང་རྨོ་དགོས་པ་རེད་ཅེས་བཤད་བྱུང་བས།ང་རང་ཡིད་ཆེས་མི་ཆེས་ཀྱིས་ངོ་མ་ཨེ་ཡིན།སྒོར་མོ་སློང་དུ་མི་འགྲོའམ་ཞེས་དྲིས་པ་ཡིན།ཨ་ཕས་ཨ་མའི་གདོང་ལ་བལྟས་ཏེ་དགོད་ཙམ་བྱས་ཏེ་ང་རང་ལག་པས་ཡར་བཀྱགས་ཏེ་པང་དུ་འཛིན་ཞོར།ངོ་མ་ཡིན།ད་ནས་བཟུང་སྒོར་མོ་སློང་དུ་མི་འགྲོ། ཁྱོད་ཀྱིས་ཡི་གེ་ལ་འབད་བརྩོན་བྱེད་དགོས།སང་ལོ་ནུ་མོའང་སློབ་སྔོན་ཁང་དུ་བཞག་སྟེ་ཡི་གེ་སློབ་དགོས་པ་རེད་ཅེས་ལབ་ཞོར་ང་ལ་ཡང་བསྐྱར་འོ་ཞིག་བྱས་བྱུང་།

     མི་ཁ་ནི་ཙག་རླུང་བཞིན་གྱང་གིས་ཀྱང་འགོག་མི་ཐུབ་ན།ང་ཚོས་ཇི་ལྟར་བྱས་ཏེ་འགོག་དགོས་ཨང་།ཅུང་མ་འགོར་བར་ཨ་ཕའི་ཐག་བཅད་དེ་སྡེ་བའི་རྒན་གཞོན་ཚང་མས་ཤེས་སོང་། དུས་རྒྱུན་གན་ཚང་གི་མནའ་མ་ཅིག་ཅིག་དང་དེ་ཚང་གི་མག་པ་ཉིག་ཉིག་ཅེས་གླེང་ནས་ནམ་ཟླ་འཁྱོལ་གྱིན་པའི་ལོ་ལོན་ཚོར།ད་ལྟ་དཔྱིད་ཟླ་རིང་བོ་གཅིག་ལའང་བཤད་ན་འཛད་པ་མེད་པའི་གླེང་གཞི་ཞིག་ཐོན་སོང་བས།སྐོར་ལམ་དང་གྲོང་བར།ཇ་བར་དང་འགྲོ་བར་སོགས་གང་དུ་ཡང་བཤད་དེ་སྡེ་བ་འདི་ཚ་ཚ་འུར་འུར་ཞིག་ཏུ་བསྒྱུར་གྱིན་འདུག

     ང་རང་སློབ་གྲྭ་ནས་ཁྱིམ་དུ་འབྱོར་དུས།དུས་རྒྱུན་ཉེ་རིང་མང་པོ་སླེབས་ཏེ་ཨ་ཕར་སློབ་གསོ་གཏོང་གིན་པ་མཐོང་ཐུབ། ང་ཉེ་མི་དེ་ཚོར་ཁོང་ཁྲོ་ལངས་བ་ཞིག་རེད། ང་ཨ་ཕས་ཉེ་མི་ཚོས་བཤད་པར་འཐད་པ་བྱུང་ནས་ངེད་ཚང་ཡང་བསྐྱར་སློང་མོའི་ལས་ཀར་ཞུགས་འགྲོ་བར་ཧ་ཅང་སྐྲག སྐབས་སྐབས་སུ་ངེད་ཚང་སློང་མོའི་ལམ་དུ་ཞུགས་ཟིན་པ་རྨིས་ཏེ་ང་རང་གཉིད་ལས་འཇིགས་སྐྲག་གིས་སད་དུ་བཅུག་པ་ཐེངས་མང་ཡིན།

    སློབ་གྲྭ་ནས་སློབ་གྲོགས་ཚོས་ང་ལ་འཕྱ་སྨོད་བྱེད།ཐ་ན་དགེ་རྒན་ཚོའི་མིག་ནང་ནས་ཀྱང་ངས་བྱ་ངན་ཞིག་བསྒྲུབ་བཞག་པ་ལྟ་བུའི་དབྱེ་བསལ་དང་མཐོང་ཆུང་ཞིག་རིག་ཐུབ་པས། སེམས་སུ་གཟུགས་མེད་ཀྱི་ཁུར་བོ་ཞིག་ངའི་ཕྲག་པ་རུ་ལྷུང་འདུག་ཅིང་ཁུར་བོ་དེས་ང་རང་ཚད་བཙུགས་ཏེ་གསོད་རྩིས་བྱེད་ཀྱིན་པ་དང་འདྲ་བར་ཕྲག་པ་ནས་ཐུར་དུ་གནོན།

   མི་ཚང་མས་ཁྱོད་རང་ཐན་ཞིག་ཏུ་བརྩིས་ཏེ་ཟུར་དུ་དགར་ན།ཁྱེད་ནི་ལྷ་ཞིག་ཡིན་ཡང་བྱེད་ཐབས་བྲལ།

    སློབ་སྐབས་གཅིག་འདི་ལྟར་གདུག་རྩུབ་ཀྱི་མི་ཁའི་བར་ནས་རིམ་བཞིན་རྫོགས་དུས།སྐྱ་མོག་གེའི་རི་ལུང་ཐམས་ཅད་ལ་གསོན་ཤུགས་རྒྱས་ཏེ་སྔོ་ལྗང་གིས་ཐང་དང་རི་བོ་ཡོངས་སུ་བརྒྱན།གང་སར་རྒྱུ་བའི་བསིལ་རླུང་གིས་དྲི་ཞིམ་ལྡན་པའི་མེ་ཏོག་གི་དྲི་བསུང་འཁྱེར་ནས་རང་བྱུང་ཁམས་ལ་ཁམས་འདྲི་ཞུ།རྫ་མགོ་ནས་བཞུར་བའི་ཆུ་ཕྲན་ལ་ལང་ཚོའི་སྟོབས་ཤུགས་རྒྱས་ཤིང་འབྲོག་པའི་རྫི་གླུ་དང་འདྲེས་ཏེ་ཞིང་བར་ནས་མདུན་དུ་རྒྱུག ལྷོ་ཕྱོགས་ནས་ཐོན་པའི་དུས་ཀྱི་མགྲོན་པོ་ཁུ་བྱུག་གིས་ཤིང་སྡོང་གང་རུང་གི་ཡལ་གར་བཞུགས་ཏེ་གླུ་དབྱངས་སྙན་མོ་ཡང་ཡང་ལེན། ཁོར་ཡུག་གི་འགྱུར་ལྡོག་འདི་དག་མཐོང་འོང་དུས་སེམས་སུ་དགའ་སྤྲོ་སྐྱེ་པ་ཞིག་རེད།

    ཡིན་ནའང་།ངེད་ཚང་ནི་དབྱར་གྱི་མཛེས་ལྗོངས་འདི་དང་འབྲེལ་བ་མེད་ཅིང་སྡེ་བ་འདི་ནས་ཀྱང་སྡོད་ཐབས་མེད་པ་འདྲ་སྟེ།ཉིན་ཞིག་སྡེ་དཔོན་ཐོན་ནས་ངེད་ཚང་སྡེ་བ་འདི་དང་ཁ་བྲལ་དགོས་པའི་གཏམ་ངན་ཞིག་བཤད་བྱུང་།ཨ་ཕ་ཁྲོས་ཏེ་སྡེ་དཔོན་ལ་རྡོ་ལོག་ཅིག་བླང་ནས་འཕངས་མོད།བསམ་པའི་འདོད་ཐོག་ཏུ་མ་སོང་བར་ཨ་མྱེ་རྒན་པོ་ཞིག་འགྲོ་བཞིན་པའི་སྒྱིད་པར་ཕོག་པས།གློ་བུར་དུ་གྱོད་ངན་མང་པོ་བྱུང་ཞིང་མཐར་ཁང་ཁྱིམ་དང་ཞིང་ས་བཙོང་སྟེ་རྫོང་གི་ཉེ་རིང་ཞིག་ཡོད་སར་ཕྱིན་ནས་སྐྱབས་མི་ཞུ་ཀ་མེད་བྱུང་།

   ང་ཚོས་ཤུལ་ཏུ་ལྷག་པའི་ཅ་ལག་དག་འདྲུད་འཐེན་ཞིག་ཏུ་བརྫངས་ཏེ་ཞོགས་པ་ཞིག་ལ་རྫོང་དུ་ཆས།ཉིན་དེར་ཆར་བ་ཟིམ་ཟིམ་ཞིག་ཉི་འོད་ཕྲ་མོ་དང་བསྡོངས་ཏེ་འབབ་ཀྱིན་འདུག ཨ་མ་སྐད་ཆུང་ངུས་ངུ་བཞིན་ཁང་པ་ལ་ལྟ་ཙམ་ལྟ་ཙམ་བྱས་ཏེ་མིག་ཆུ་གཏོང་།ཨ་ཕས་ཆུ་ཤོག་རིང་བོ་ཞིག་ཉོས་ཏེ་ང་ཚོའི་སྟེང་དུ་བཀབ་ཅིང་ཉེ་འཁོར་ལ་ལྟ་བའི་མིག་ཟུང་དུ་ཞེ་སྡང་ཞིག་ལང་ནས་མིག་རྩ་ཡང་དམར་བོར་གྱུར་འདུག ནུ་མོས་སྐབས་སྐབས་སུ་ང་ཚོ་གང་དུ་འགྲོ་དགོས་པ་རེད་དང་ང་ཚོ་སྒོར་མོ་སློང་དུ་འགྲོ་དགོས་པ་ཨེ་རེད་དྲིས་ཏེ་ཕ་མ་གཉིས་ཀྱི་སེམས་ཁམས་ལ་ན་ཟུག་བར་མེད་དུ་བསླངས།

   འདི་ཡོད་ཚད་ངས་ལན་པ་རེད།གལ་ཏེ་ངས་ཕ་མ་གཉིས་ཀྱི་གསུང་ལྟར་བསྒྲུབ་ན།ང་ཚོ་སྡེ་བ་ནས་ནམ་ཡང་ཕུད་མི་སྲིད།

    ང་ཚོ་འདྲུད་འཐེན་གྱི་ཐོག་ནས་སྒོང་སྒོང་བྱས་ཏེ་ཆུ་ཤོག་འོག་ཏུ་བསྡད།ཚང་མར་སྨྲ་བ་མེད་ཅིང་རང་རང་ས་རུ་བསམ་བློ་སྣ་ཚོགས་བཏང་ནས་བསྡད།ངའི་སེམས་ནི་རྙོག་འཛིང་གི་དོན་དག་མང་པོས་བཟུང་ཞིང་སྡེ་བ་འདིས་ངེད་ཁྱིམ་ཚང་ལ་བྱས་པའི་སྤྱོད་ངན་འདི་ལ་ནམ་ཞིག་ཅིས་ཀྱང་ལན་པ་སློག་དགོས་པའི་མནའ་བསྒགས་པ་ཡིན།

    ང་ཚོ་ས་སྲོད་ཅིག་ལ་གཞི་ནས་རྫོང་དུ་ཐོན།ཉེ་མི་ཚོས་ང་ཚོ་ཁོ་ཚང་གི་ར་སྐོར་དུ་ཅ་ལག་བཅུག་སའི་མཛོད་ཁང་ཆུང་ཆུང་ཞིག་ཡོད་པར་འདུག་ཏུ་བཅུག ཁང་པ་འདི་ཆུང་ཆུང་ཡིན་མོད། ནང་དུ་ལྕགས་ཐབས་དང་སྣོད་ཆས་ཀྱི་རིགས་ཆ་ཚང་ལྡན་པས།ད་ལྟ་འདི་ལྟ་བུའི་མལ་གནས་ཤིག་ཡོད་པའང་ལས་བཟང་རེད།

    འོན་ཀྱང་།ཁང་ཆུང་འདི་དྲག་ཆར་ལ་འཕྲད་དུས་གཉོམ་ཆུང་ཞིག་ཏུ་གྱུར་འགྲོ དྲག་ཆར་འབབ་ཐེངས་རེ་ཡིས་ཁང་པ་དེའི་ནང་ཡོད་ཚད་སྣོད་ཆས་ཐང་དུ་བཞག་པ་ཡིས་འགྲོ་ལམ་འགོག

    རྫོང་དུ་ཐོན་རྗེས།ཨ་ཕ་དང་ཨ་མ་ཞོར་ལས་སུ་སོང་ཞིང་ང་དང་ནུ་མོ་གཉིས་སློབ་གྲྭར་བསྐྱོད།ཁོ་གཉིས་དུས་རྒྱུན་ནངས་སྔ་ཕྱི་ཉལ་བྱེད་དགོས་པས་ངས་ནུ་མོར་བདག་སྐྱོང་དང་ཁྱིམ་ལས་ཙག་ཙིག་བསྒྲུབ་ཐུབ་དགོས། ཞོགས་པར་ངས་ནུ་མོ་སློབ་སྔོན་ཁང་དུ་བསྐྱལ་རྗེས་ང་རང་སློབ་འབྲིང་དུ་འགྲོ་དགོས་ལ།ཕྱི་དྲོ་ང་གྲོལ་མ་ཐག་ནུ་མོ་བསུ་རུ་སོང་ནས་མཚན་ཚོགས་སུ་ནུ་མོ་པང་ཐོག་ཏུ་འཛིན་ཞོར་སློབ་ཁྲིད་ལ་ཉན་དགོས། ངའི་སློབ་གྲོགས་ཚོས་གནས་ཚུལ་དེ་མཐོང་རྗེས།ཀུ་རེས་ཀྱིས་ང་ལ་ཕ་རྒན་ཆུང་ཆུང་ཞེས་རྩེད་མོ་བརྩེས།

ང་དང་ནུ་མོ་གཉིས་ཀྱི་སྦྱངས་འབྲས་ཤིན་ཏུ་བཟང་བས།དུས་རྒྱུན་གཟེངས་རྟགས་མང་པོ་ལོན་གྱིན་ཡོད།ཨ་ཕ་དང་ཨ་མ་གཉིས་ཀྱིས་སློབ་གྲྭ་ནས་གནང་བའི་ངེད་གཉིས་ཀྱི་གཟེངས་རྟགས་དག་ཆུ་ཤོག་གིས་དཀྲིས་ཏེ་གྱང་ངོར་སྦྱར། ཐེངས་རེར་ཕ་རྒན་གྱིས་གཟེངས་རྟགས་སྦྱར་བའི་གྱང་ལ་ལྟ་ཞོར་དེའི་སྔུན་ནས་ཕར་ཚུར་འགྲོ།  ཁོས་ཡིད་ཚིམ་པ་ཞིག་བལྟས་རྗེས་ང་དང་ནུ་མོ་གཉིས་ལ།ངའི་བུ་དང་བུ་མོ་གཉིས་མ་འོངས་པར་མཁས་པ་ཆགས་རྒྱུ་རེད།ཧ་་ཧ་་ཞེས་ངེད་གཉིས་པང་དུ་ལེན།

  ངེད་ཚང་གི་འཚོ་བ་རིམ་བཞིན་ཇེ་དགར་སོང་།ཨ་ཕས་གྲོང་མཐའ་ནས་ས་ཞིག་ཉོས་ཤིང་གནས་དེ་ནས་ཁང་པ་བརྩེགས་གཉིས་ཅན་ཞིག་ཕུབ། ཁང་པའི་མཐའ་རུ་གྱང་གིས་བཟོས་པའི་ར་བ་ཆུང་ཆུང་ཞིག་ཀྱང་བསྐོར་བས།སྔོན་གྱི་ཁང་པ་ལས་ཀྱང་སྐྱིད་པོར་གྲུབ།

ཕ་མ་གཉིས་ཀྱི་མགོ་ནས་སྐྲ་དཀར་བོ་ཇེ་མང་ནས་ཇེ་མང་དུ་སོང་ཞིང་གདོང་གི་གཉེར་མ་ཇེ་སྟུག་ནས་ཇེ་སྟུག་ཏུ་འགྱུར་དུས།ག་ལེར་ནུ་མོ་ནར་སོན་ཏེ་སློབ་ཆུང་ནས་མཐར་ཕྱིན་ལ་ཉེ་ཞིང་།ང་ཡང་དར་རྩེ་མདོའི་སྲོང་བཙན་སློབ་གྲྭ་ནས་ཕྱིར་ཐོན་ཏེ་ཕ་ཡུལ་དུ་དགེ་རྒན་གྱི་བྱ་བར་ཞུགས།

 ལོ་མང་པོ་ཞིག་འགོར་རྗེས།ང་རང་ཡང་བསྐྱར་ཕ་ཡུལ་ལ་འགྲོ་འདོད་སྐྱེས་བྱུང་།

    ང་རང་སློབ་གྲྭ་ནས་འགྲོ་ཁར་ངའི་སློབ་ཆུང་གི་བོད་ཡིག་དགེ་རྒན་སྐྱེལ་དུ་ཐོན།ཁོས་ངའི་མ་འོངས་པའི་དམིགས་འབེན་ལ་རྒྱབ་སྐྱོར་བྱས་ཤིང་ཡིད་ཕམ་མི་རུང་བའི་སློབ་སྟོན་མང་ཙམ་བྱས་རྗེས་ཕྱིར་ལོག་སོང་།ངས་ཁོ་རང་སློབ་གྲྭའི་སྒོ་ཆེན་ནས་སློབ་ཁང་ཕྱོགས་སུ་བསྐྱོད་པའི་རྒྱབ་གཟུགས་ལ་ཕྱག་གསུམ་བཙལ་ཏེ་བཀའ་དྲིན་མཚོན་ཐུབ་པར་བྱས་ནས་འབྲལ་རྩིས་བྱེད་དུས།གཞི་ནས་ཁོ་རང་གི་རྒྱབ་གཟུགས་དེ་ནི་ངའི་དྲན་པའི་གཏིང་ས་ཞིག་ཏུ་ཟུག་འདུག་པ་ཚོར།

     བུད་མེད་ཅིག་གི་འགྲོ་སྟངས་དང་མཚུངས་པའི་གོམ་སྟབས་དེ་ནི།ངས་དྲན་སོང་།དེ་ནི་སྔོན་མ་སྔོན་མ་ཞིག་རེད།སྐབས་དེར།ཁོ་རང་ང་ལ་ཡི་ཆད་བྱུང་ཡོད་དམ།ངས་དེ་ལྟར་དྲན་ཞོར་ཕ་ཡུལ་གྱི་རླངས་འཁོར་ཞིག་ཏུ་བསྡད་དེ་དྲིན་ཆེན་ཕ་མའི་ཕྱོགས་སུ་ཆས་སོ།། །།


  • ལེ་ཚན་སྔོན་མ།:རྐང་འོག་ཏུ་ལྷུང་བའི་སྒོར་མོ།༢
  • ལེ་ཚན་རྗེས་མ།:དབྱར་རྩྭ་དགུན་འབུའི་རིན་ཐང་།