འབུམ་མཚོ་ཕྱུག་མོ།

ཚེ་རིང་བཀྲ་ཤིས།        2017-09-20

འབུམ་མཚོ་ཕྱུག་མོ།

སྒང་དྲུག་གི་ཡ་གྱལ་སྨར་ཁམས་ནས་ཤར་ཕྱོགས་སུ་ཁ་གཏད་དེ་སྤྱི་ལེ102ཙམ་སོང་ན་གཡུལ་འདུལ་ལ་ཁར་འབྱོར།  དེ་ནས་ཡུལ་མི་རྣམས་ཀྱི་ངག་རྒྱུན་ལྟར་མཛེས་སྡུག་ཡིད་དུ་འོང་བའི་བྱང་གི་མ་ཡུམ་འབུམ་མཚོ་ཞེས་པའི་མཚོ་མོ་དེ་མིག་ལམ་དུ་ལྷམ་  མེར་འཆར་ཐུབ།

འབུམ་མཚོ་ནི་སྨར་ཁམས་རྫོང་སྤང་མདའ་ཤང་ཁོངས་སུ་གནས་ཤིང་། མཚོ་མོའི་དབྱིབས་ནི་གཡུ་འབྲུག་སྔོ་མོ་སར་རྒྱུ་བ་དང་གཉིས་སུ་མེད་ལ་མཚོའི་ངོས་ཀྱི་མཐོ་ཚད་རྒྱ་མཚོ་ངོས་ལས་སྨི་བཞི་སྟོང་ལྷག་ཙམ་དང་མཚོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ50ཙམ་ཡོད། མཚོའི་མཐའ་སྐོར་གྱི་རིང་ཚད་ལ་སྤྱི་ལེ60ལྷག་ཡོད་པ་དང་གཏིང་ཚད་ལ་སྤྱི་ཁྲི་བཅུ་ནས་བཅོ་ལྔ་བར་ཟིན། མཚོའི་ཤར་རྒྱུད་དང་མཚོ་དཀྱིལ་གྱི་གཏིང་ཚད་རིང་ཤོས་སྤྱི་ཁྲི30ལ་ཉེ་བ་ཡོད།  མཚོ་འདི་ནི་འབུམ་པའི་གྲོང་ཚོའི་ངོས་ནས་སྨི300ལྷག་ཡར་འཕགས་པས་འབུམ་ལ་ཡིས་དར་གྱི་སྐེ་རགས་བཅིངས་པ་དང་མཚུངས།  དབྱར་གྱི་དཔལ་ཡོན་རབ་ཏུ་བཞད་པའི་ཚེ་ན་མཚོ་མོ་དེ་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་དྭངས་ཤིང་གསལ་ལ་ནམ་མཁའི་སྤྲིན་དཀར་དང་།  ཕྱོགས་བཞིའི་སྤང་རི།  རྫ་རི་སོགས་ཀྱི་གཟུགས་བརྙན་གསལ་ལེར་འཆར་ཐུབ།

མཚོ་མོའི་སྟིང་གི་ཤིང་གྲུ་རྣམས་ཆལ་ཆིལ་རླབས་ཀྱི་ཕྲེང་བས་མདུན་དུ་བསྐུལ་བ་དང་ས་གནས་གང་ས་ནས་ཕེབས་པའི་ཡུལ་སྐོར་བ་རྣམས་དགའ་བ་འཛུམ་གྱིས་བསུས་ ནས་མཚོ་ཐོག་ཏུ་འཁྱམ་འཁྱམ་བྱས་པ་དང་མཚོ་དཀྱིལ་དུ་གླིང་ཕྲན་ཆེ་ཆུང་གཉིས་ཡོད་ལ་གླིང་ཕྲན་ཆེ་བའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ8ཙམ་ཡོད་པ་དང་།  གླིང་ཕྲན་ཆུང་བར་སྤྱི་ལེ་གྲུ་བཞི་མ4ལྷག་ཡོད་ཅིང་མཚོ་ཐོག་ཏུ་བྱ་ངུར་པ།  ངང་པ།  ཁྲུང་ཁྲུང་།  ཆུ་སྐྱ་སྐེ་རིང་སོགས་འདབ་ཆགས་སྣ་ཚོགས་འདུས་ཏེ་རང་དགར་ཆུ་རྩེད་ལ་རོལ་བ་དང་། མཚོ་འགྲམ་གྱི་སྤང་ཐང་དུ་ཕྱུགས་རིགས་དཀར་ནག་ཁྱུ་དང་ཁྱུ་ཚོགས་ཀྱིས་དྲི་ཞིམ་བཅུད་ལྡན་གྱི་མེ་ཏོག་དཀར་དམར་འཚོ་བའི་ལོངས་སུ་རོལ་བཞིན་ཡོད།  མཐའ་འཁོར་གྱི་རྫ་རིའི་ཐོག་ཏུ་རི་དྭགས་ཤྭ་བ་དང་གནའ་བ།  རྒོ་བ། སྤྱང་ཀི  ཝ་མོ་སོགས་ཀྱི་གཅན་གཟན་རྣམས་སྐབས་རེར་རྩེད་འཇོར་རོལ་བ་དང་སྐབས་རེར་ཞེ་སྡང་དྲག་པས་མགྲན་རྩོད་བྱེད་བཞིན་ཡོད།


  • ལེ་ཚན་སྔོན་མ།:ལ་རྒྱབ་ཚ་ཆུའི་ངོ་སྤྲོད་མདོར་བསྡུས།
  • ལེ་ཚན་རྗེས་མ།:དཔལ་འབར་གྱི་མདོག་གསུམ་མཚོ།