ཡོ་རོབ་གླིང་བདེ་འཇགས་མཉམ་ལས་རྩ་འཛུགས་ཀྱི་འཐུས་མིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་དགོས་པའི་འབོད་སྐུལ་བྱས།

    ཞིན་ཧྭ་གསར་འགྱུར་དྲ་བ།    2017-06-09

ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་བདུན་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་སྲོལ་རྒྱུན་གྲོས་མོལ་སྤེལ། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

སཱ་དབྱེ་ཏིས་ཁི་ཡིས་ཉིན་དེར་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་གྲོས་མོལ་བྱས་རྗེས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་བདེ་འཇགས་གནད་དོན་དེ་ཐོག་མར་ཐག་གཅོད་བྱེད་དགོས། དེ་བས་ཕྱོགས་བསྡུས་བྱེད་ཐབས་སྤྱོད་དགོས་པ་དང་། འཁྲུག་རྩོད་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་མཚོན་ཆ་ཆེ་གྲས་ཕྱིར་འཐེན་བྱེད་དགོས་ལ། འཁྲུག་རྩོད་ཕྱོགས་ཁག་གཉིས་ཁ་ཁར་བྱེད་པ་ལས་གཞན། འཁྲུག་རྩོད་ས་ཁུལ་གྱི་ས་འོག་འགད་རྫས་གཙང་བཤེར་བྱེད་དགོས་ཟེར།


ཁོས་མེན་སི་ཁིའི་གྲོས་མཐུན་བཀོད་པའི་ཕྱོགས་ཁག་སོ་སོས་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་འདྲི་གཅོད་ལ་ལན་འདེབས་དགོས་པ་དང་། ས་འོག་འགད་རྫས་གཙང་བཤེར་བྱེད་པར་མཁོ་བའི་འབྲེལ་ཡོད་ས་ཁྲ་སོགས་ལྟ་ཞིབ་ཚོགས་པར་འདོན་སྤྲོད་བྱེད་དགོས། དེ་ལྟ་མིན་ཚེ་འཁྲུག་རྩོད་ས་ཁུལ་གྱི་མི་སེར་དཀྱུས་མ་དང་ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་ཁོངས་མིའི་བདེ་འཇགས་ལ་འགན་སྲུང་བྱེད་ཐབས་མེད་ཟེར།

སཱ་དབྱེ་ཏིས་ཁི་ཡིས་ད་རུང་བསྟན་དོན། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་ཚུལ་ཅུང་ལེགས་བཅོས་བྱུང་ཡོད་པ་དང་། ཁོ་རང་དེར་ཡིད་ཚིམས་ཡོད་ཟེར།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའ
  • ལེ་ཚན་རྗེས་མ།:ཀོང་པོའི་ལོ་གསར།
  • དོ་སྣང་ཆེ་བའི་རྩོམ།