རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2

ཤ་བོ་བཙུན་ཐར། རྨ་ལྷོ།        2011-01-20

འཆམ་ལ་གཡས་བརྐྱངས་དང་གཡོན་བསྐུམས།ས་ག ཟླུམ་པོ།རྡོ་རྗེ་རྒྱ་གྲམ།དགའ་བ་འཁྱིལ་བ་སོགས་ཀྱི་རྐང་སྟབས་དང་ལག་སྟབས།ལུས་ཀྱི་ཉམས་འགྱུར།བསམ་པའི་འཁྱེར་སོ།ངག་གི་གདངས་དབྱངས་སོགས་གཞུང་ལས་བཤད་པའི་ལྷ་སྐུའི་རྣམ་འགྱུར་དང་སྟངས་སྟབས་སོགས་དང་བསྟུན་ནས་བྱེད་དགོས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ཡོད།
 དེ་ཡང་《འཆམ་གྱི་བརྗེད་བྱང་》ལས།དང་པོ་ས་ཡི་ཆོ་ག་སྟེ།གཉིས་པ་ལ་ནི་སྟ་གོན་གནས།གསུམ་པ་འཇུག་པའི་ཆོ་ག་བྱ།ཞེས་རིམ་པ་གསུམ་དུ་བསྟན་པ་ལས།དང་པོ་དཀྱིལ་འཁོར་ཆེན་པོའི་ས་ཆོག་གི་སྐབས་ཀྱི་ཏིང་ངེ་འཛིན་གྱི་སྦྱང་བ་ཡན་ཆད་རྫོགས་པར་བྱས་ལ།གཉིས་པ་སྟ་གོན་གྱི་སྐབས་སུ་ས་གཞི་བྱིན་གྱིས་རློབས་པ་དང་།གསུམ་པ་ཆས་སུ་འཇུག་པ་ནི།རང་ལུས་ལ་བར་ཆད་ཀྱི་བགེགས་ཀྱིས་མི་ཚུགས་པར་བྱ་བའི་ཆེད་དུ་ཆོས་གོས་ལུས་ལ་བགོ་ཞིང་ཕྱག་མཚན་བཟུང་བར་བྱ་སྟེ།
ཐོག་མར་མགོན་ཁང་དུ་སོང་ནས་ཡོ་བྱད་རྣམས་བྱིན་གྱིས་རློབས་པ་ནི།ཆོས་གོས་ལག་ཆ་རྣམས་རང་རང་གི་མདུན་དུ་བཀོད་དེ་སྐྱབས་སེམས་སྔོན་དུ་འགྲོ་བས།ཆོས་ཐམས་ཅད་སྟོང་བ་ཉིད་དུ་སྦྱང་།དེའི་ངང་ལས་སྐད་ཅིག་གིས་ལྷའི་ང་རྒྱལ་བཟུང་ལ།རང་སེམས་ལྷག་པ་བདེན་པ་དབྱེར་མེད་ཀྱི་ཆོ་འཕྲུལ་ལས་ཁྲག་འཐུང་འབར་བའི་གོས་རྒྱན་ལག་ཆ་ལ་སོགས་པ་ཐམས་ཅད་ཆོས་ཉིད་ཡེ་ཤེས་ཀྱི་རོལ་བར་རང་སྣང་བར་བསམ་ལ།ཞྭ་གོས་སོགས་གཡས་ནས་རྔམས་ཤིང་གཡོན་ཕྱོགས་ནས་གྱོན།ཕྱག་མཚན་པད་སྐོར་གྱིས་བླངས་ཏེ་འཛིན་པའོ།། དེ་ལྟར་ལེགས་པར་ཟིན་རྗེས་མནོལ་བསངས་ཀྱི་ཤུག་དུད་དང་བཅས་དགེ་བསྐོས་ཀྱིས་སྣེ་ཁྲིད་དེ་སྙན་མོ་ཙི་ཡི་བསུ་བ་དང་དུང་ཆེན་དང་རྔ་སྦུབ་ཀྱི་ཆིངས་དང་བཅས་མགོན་ཁང་ལས་ཕྱིར་བུད་ནས་ཐོག་མར་ཚོགས་ཆེན་འདུ་ཁང་དུ་འགྲོ་ལ།ཆོས་ཀུན་རང་རིག་རང་སྣང་གི་ཆོ་འཕྲུལ་དུ་གསལ་བ་རྟོགས་པ་ན་བསྟན་བྱའི་ཡུལ་དང་།སྟོན་མཁན་གྱི་གང་ཟག་གཉིས་སོ་སོར་མ་དམིགས་པའི་ཕྱིར།འདི་ན་སྣོད་མིན་སེམས་ཅན་གང་ཡང་མེད།ཅེས་པའི་ཚུལ་གྱིས་གསང་སྒྲོགས་ཉེས་པ་མི་འབྱུང་ནའང་།རྣལ་འབྱོར་བ་རྟོགས་པའི་གདེངས་མ་ཚུད་པ་རྣམས་ཀྱིས་གདོད་ནས་འགྲོ་བ་མ་ལུས་པ་དག་པའི་འཁོར་ལོར་གྲུབ་པར་མོས་པས།སྣོན་བཅུད་དཀྱིལ་འཁོར་དུ་གསལ་བའི་ཏིང་ངེ་འཛིན་དང་ལྡན་པའི་སྒོ་ནས་ལུས་འགྱུར་ལ་ཐུན་མོང་དུ་གཅེས་པའི་ཡན་ལག མགོ་བོ་ལ་བརྗིད་ཆགས་པ།རོ་སྟོད་ལ་སེང་ཆགས་པ།སྐེད་པ་ལ་འཁྲིལ་ཆགས་པ།སྒྱིད་པ་ལ་ལྡེམ་ཆགས་པ།བཞག་ཤ་ལ་ལྷོད་ཆགས་པ།རྣམ་འགྱུར་ལ་འགྱིང་ཆགས་པ།ཤ་འགྱུར་ལ་མེར་ཆགས་པ།སྤྱོད་པ་དལ་ཆགས་པ།ཕྱག་རྒྱ་གཡས་སུ་བཅས་པ་འགྲོལ་ན་གཡོན་དང་།གཡོན་དུ་བཅས་པ་འགྲོལ་ན་གཡས་སུ་དང་།དབུས་སུ་བཅའ་འགྲོལ་ཐད་ཀར་བལྟ་ཞིང་།འགྱིང་བ་སྟེ་བཅའ་བསྒྱུར་བཤིག་པ་ལ་མཁས་པ།གཞན་ཡང་ཕོད་ཁའི་ཐད་ཤ་བཅད།ལུས་ཀྱི་འཛུམ་བསྟན་པ་སྟེ་རིམ་པ་ཇི་ལྟ་བུར་དཔེ་བྱ་ཁྱུང་མཁའ་ལ་ལྡིང་བ་དང་།སེང་གེས་རལ་བ་སྤྲུགས་པ་དང་།རྒྱ་སྟག་ནགས་ཚལ་དུ་འགྱིངས་པ་ལྟ་བུའི་ཡོན་ཏན་དང་ལྡན་པས།ཕྱི་རོལ་ནས་སྤོས་བཏུལ་ཅིང་།རོལ་མོ་ཆིག་རྡེག་ཆེ་བ་དང་།ཆུང་གསུམ་རོལ་འཐབ་དང་བཅས་པ་སྤེལ་མར་རྡུང་བས་བསྐུལ་ཏེ།ནང་གི་འཆམ་པ་རྣམས་སློབ་དཔོན་གྱིས་སྣ་དྲངས་རིམ་པ་མ་འཛིང་བར་བསྒྲིགས་ནས་རོལ་འགྲོས་ཀྱིས་དོན་ཏེ་དཀྱིལ་འཁོར་བྲིས་ཡོད་པའི་ཚོགས་རར་སླེབས་པ་དང་སྐོར་ལམ་ལ་གྲལ་བསྟར་མཉམ་པས་འགྲོ་དགོས།དེ་ལྟར་འཆམ་སྐོར་ལྔ་དང་འཆམ་པ་བཅོ་བརྒྱད་ཡོད་དེ།
 ༡འཆམ་སྐོར་ལྔ་ནི།
མགོན་ཁང་འཆམ།
འདི་ནི་ཐོག་མའི་སྟ་གོན་གྱི་སྐབས་ཏེ།ཐོག་མར་འཆམ་པ་ཚང་མ་མགོན་ཁང་དུ་འཛོམས་ནས་སྤོས་དང་ཤུག་པ་བདུགས་ཏེ་རང་ལུས་གཙང་བར་བྱས་རྗེས་ཆོས་སྐྱོང་སྲུང་མའི་མདུན་ནས་ལུས་ལ་འཆམ་ལྭ་གྱོན་ཞིང་།ཆོས་རྒྱལ་ཉིད་མགོན་ཁང་ནང་གི་ཆོས་སྐྱོང་རྣམས་ཀྱི་མདུན་ན་བཞག་ཡོད་པའི་ཁྲི་སྟེང་དུ་བཞུགས་ནས།ཨ་མཆོད་ཀྱི་འདོན་པའི་གི་རིམ་བཞིན་ཐོག་མར་འབག་གྱོན།དེ་ནས་དབུ་སྤྲུགས་སྤྲུགས་འགའ་བྱས་རྗེས་ཕྱག་ཏུ་ཐོད་གཡུག་དང་ཞགས་པ་འཛིན་ཅིང་།རྔ་སྦུབ་ཀྱི་སྒྲ་དང་བསྡེབས་ནས་བཞེངས་རྗེས་འཆམ་བསྐོར་རྒྱག་བཞིན་དགེ་བསྐོས་ཀྱིས་སྣེ་ཁྲིད་འཆམ་པ་རྣམས་རིམ་པ་བཞིན་བཤར་ནས་མགོན་ཁང་ལས་ཕྱིར་འབུད།
༢ཆོས་རྒྱལ་ས་ལངས།
དེ་ཡང་དུང་ཆེན་གྱི་སྒྲ་དམའ་མོ་ནས་ཇེ་མཐོ་ཇེ་མཐོར་བཏང་ནས་གླང་ཆེན་ངུར་སྐད་ཀྱི་ཉམས་དང་བཅས་དུང་ཆེན་གྱི་གདངས་ཇེ་ཆེ་ཇེ་རིང་དུ་སོང་ཚེ་ད་གཟོད་ཆོས་རྒྱལ་གཅིག་པུ་ཚོགས་ཆེན་འདུ་ཁང་ནས་ཕྱིར་བུད་དེ།འདུ་ཁང་གི་ཁྱམས་ར་ན་སྟག་གདན་ཞིག་བཏིངས་ཡོད་པ་དེའི་སྟེང་ནས་ཐོག་མར་འཆམ་པ་ཡིན།དེའི་མཚོན་དོན་ནི་ཆོས་རྒྱལ་ཁོང་ཉིད་ལྕགས་མཁར་སྒོ་མེད་རིམ་པ་བཅུ་དྲུག་ཅན་གྱི་ནང་ན་སྟག་གདན་སྟེང་དུ་བཞུགས་ཡོད་དུས་འབད་པ་བྱས་པས་ད་གཟོད་ལངས་ཏེ་འཇིག་རྟེན་འདིར་ཕེབས་ནས་སངས་རྒྱས་ཀྱི་བསྟན་དགྲ།སེམས་ཅན་གྱི་སྤྱི་དགྲ་རྣམས་ཉིན་འདིར་བསྒྲལ་པ་མཚོན་པ་ཡིན།
 ༣གསེར་སྐྱེམས་འབུལ་པ། འདིའི་སྐབས་འཆམ་པ་ཚང་མ་འཆམ་རར་བུད་ནས་འཆམ་པ་སྐོར་ཞིག་འཆམ་པའི་བར་ནས་ཆོས་རྒྱལ་གྱིས་སློབ་དཔོན་གྱི་འདོན་པ་དང་བསྡེབས་ནས་གསེར་སྐྱེམས་འབུལ་བའི་ཆོ་ག་བྱས་ཚར་རྗེས།འཆམ་པ་རྣམས་མུ་མཐུད་ནས་འཆམ་གྱི་སྟངས་སྟབས་ལ་རོལ་བཞིན་ཕྱིར་འགྲོ་བ་ཡིན།
  • ལེ་ཚན་སྔོན་མ།:རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 1
  • ལེ་ཚན་རྗེས་མ།:འབའ་ཐང་གི་ལྷ་མོ་ཚོགས་པ་སྟེ་རྒྱང་མཁར་རའི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།