རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2(2)
ཤ་བོ་བཙུན་ཐར། རྨ་ལྷོ། 2011-01-20
༤གནོད་སྦྱིན་བཞི།
ཐེངས་འདིར་ཀེང་རུས་གཅིག་གིས་སྣེ་ཁྲིད་དེ་གནོད་སྦྱིན་བཞི་བོ་རིམ་བཞིན་བཤར་ནས་ཀེང་རུས་གཞན་གཅིག་གིས་རྗེས་མནན་ཏེ་རོལ་མོའི་སྒྲ་དང་བསྡེབས་ནས་འཆམ་རར་བསྐོར་བ་གཅིག་བྱས་རྗེས་ཉ་བོ་སྟེང་ལ་རྔམས་པའི་སྟངས་སྟབས་དང་བཅས་ཏེ་འགྲོ།
༥བསྒྲལ་འཆམ།
སྐབས་འདིར་ཐོག་མར་འཆམ་པ་ཚང་མས་ཕྱག་མཚན་རལ་གྲི་འཆང་སྟེ་ཕྱིར་བུད་ནས་འཆམ་སྐོར་ཞིག་བརྒྱབ་རྗེས།ཆོས་རྒྱལ་གྱིས་ཕྱག་མཚན་དགུ་བོ་རེ་རེ་བཞིན་ཐོག་མར་ཞག་པ་འཕངས་ནས་བཟུང་བ་དང་།གཉིས་པར་ལྕགས་སྒྲོག་གིས་བཅིངས།གསུམ་པར་ཐོ་བ་བརྒྱབ་ནས་བསད་དེ་རིམ་བཞིན་དགྲ་སྟ།ཁ་གྲམ།རྩེ་གསུམ།དྲིལ་བུ།ཕུར་བུ།གྲི་གུག་བཅས་བཀོལ་ནས་བསྒྲལ་བྱའི་བགེགས་ཏེ་ཉ་བོ་ཐོག་ལ་བགྲད་ནས་མཐའ་མར་གྲི་གུག་གིས་ཉ་བོ་ཕྱེ་མར་འཐག སྐབས་འདིར་བྱ་རོག་གདོང་འོང་ནས་ཆོས་རྒྱལ་ལ་བསྐོར་བ་གཅིག་བྱས་རྗེས་ཉ་བོ་ནས་དུམ་བུ་ཞིག་ཁྱེར་ཏེ་མགོན་པོར་བསྐོར་བ་གསུམ་བྱས་ནས་མཆོད་པའི་ཚུལ་བྱེད།(དེའི་མཚོན་དོན་ནི་བྱ་རོག་ཉིད་མགོན་པོའི་ལྷ་བྱ་ཡིན་པས་དེ་ལྟར་མཆོད་པ་ཡིན་ཟེར་རོ།)
འདིའི་རྗེས་ནས་གཏོར་མ་ཕྱིར་ཁྱེར་བ་ཡིན་ཏེ་འཆམ་པ་ཚང་མ་འཆམ་རར་ཐོན་རྗེས་རོལ་མོའི་ཆིག་རྡེག་དང་བསྡེབས་ནས་འཆམ་རྒྱག་པ་དང་སློབ་དཔོན་གྱིས་དྲུག་ཅུ་བ་འདོན་བཞིན་མི་སྐྱ་གཉིས་ཀྱིས་ཁ་སྣ་ལག་རས་ནག་པོས་བཏུམས་ཏེ།རོལ་མོའི་ཆིག་རྡེག་དང་འཆམ་པའི་དགྲ་ཉམས་དང་བཅས་ཏེ་དགོན་པའི་ཕྱིར་བུད(སྐབས་འདིར་དེར་ཡོད་ཀྱི་མི་སྐྱ་རྣམས་ལམ་གྱི་ཕྱོགས་གཅིག་ཏུ་བསྟར་དུ་བསྒྲིགས་ནས་ལུས་པོ་བཏུད་དེ་གཏོར་སྒམ་རང་གི་ལུས་ཐོག་ནས་ཁྱེར་དུ་འཇུག གཏོར་སྒམ་ལུས་ཐོག་ནས་ཁྱེར་ཚེ་རང་ལུས་ཀྱི་ན་ཚ་དང་ལོ་གཅིག་གི་བགེགས་དང་བར་ཆད་ཡང་དེ་དང་མཉམ་དུ་ཁྱེར་བར་བསམ་ཡོད)ནས་གཏོར་རྒྱག་ཀླད་དུ་སོང་ནས་མོ་རྩིས་བྱས་པ་བཞིན་ལོ་དེའི་གཏོར་ལམ་གང་ན་ཡོད་ན་དེའི་ཕྱོགས་སུ་འཕེན་པ་ཡིན་ནོ།།
༢འཆམ་པ་བཅོ་བརྒྱད་ནི།
༡ཆོས་རྒྱལ།སྐུ་མདོག་སྔོ་ནག་མ་ཧེ་ཁྲོས་པའི་གདོང་ཅན།གཡས་ཐོད་གཡུག་དང་གཡོན་ཞགས་པ་འཛིན་པ།
༢ཙ་མུཎྡི།ཆོས་རྒྱལ་གྱི་ལྕམ་མོ།སྐུ་མདོག་སྔོན་པོ་ཕྱག་གཡས་རྩེ་གསུམ་དང་གཡོན་ཐོག་ཁྲག་འཛིན་པ།
༣གུར།སྐུ་མདོག་ནག་པོ་ཕྱག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ།
༤མགོན་པོ།སྐུ་མདོག་ནག་པོ་ཕྱག་གཡས་གྲི་གུག་དང་གཡོན་ཐོག་ཁྲག་འཛིན་པ།
༥དཔལ་ལྡན་ལྷ་མོ།སྐུ་མདོག་མཐིང་ནག་ཕྱག་གཡས་ཐོད་གཡུག་དང་གཡོན་ཐོད་ཁྲག་འཛིན་པ།
༦དཔལ་མགོན།སྐུ་མདོག་ནག་པོ་སྐྲ་དང་སྨ་ར་དཀར་པོ་ཅན།ཕྱག་ཏུ་རལ་གྲི་བསྣམས་པ།
༧རྣམ་ཐོས་སྲས།སྐུ་མདོག་སེར་བོ་ཕྱག་ཏུ་བེ་ཅོན་བསྣམས་པ།
༨ཀྴེ་ཏྲ་པྰ་ལ།སྐུ་མདོག་མཐིང་ནག་ཕྱག་གཡས་གྲི་གུག་དང་གཡོན་ཐོག་ཁྲག་འཛིན་པ།
༩ཛི་ན་མི་ཏྲ།སྐུ་མདོག་དམར་ནག་ཕྱག་གཡས་ཌ་མ་རུ་དང་གཡོན་ཐོད་ཁྲག་འཛིན་པ།
༡༠དྲ་ཤི་ར་ཛ།སྐུ་མདོག་དམར་ནག་ཕྱག་གཡས་ཞགས་པ་དང་གཡོན་སྡིགས་མཛུབ།
༡༡བདུད་མགོན་ཏྲ་ཀྴད་ནག་པོ།ཕྱག་གཡས་མདུང་ཐུང་གཡོན་ཐོག་ཁྲག་འཛིན་པ་སྟེ།འདི་དག་མགོན་པོའི་འཁོར་གནོད་སྦྱིན་བཞི་ཡིན།
༡༢བྲན་བདུད་ནག་མོ།སྐུ་མདོག་ནག་པོ་ཨམ་གཙིགས་དམ་དུ་བསྡམས་ཤིང་ཕྱག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ།
༡༣བྷ་ཏྲ།སྐུ་མདོག་ནག་པོ་ཕྱག་གཡས་རལ་གྲི་དང་གཡོན་ཐོད་ཁྲག་འཛིན་པ་སྟེ།གུར་གྱི་འཁོར་གཉིས་ཡིན།
༡༤ཆུ་སྲིན་གདོང་།ཕྱག་ཏུ་རལ་གྲི་བསྣམས་པ།
༡༥བྱ་རོག་གདོང་།ཕྱག་ཏུ་རལ་གྲི་བསྣམས་པ།
༡༦སེང་གེ་གདོང་།ཕྱག་ཏུ་རལ་གྲི་བསྣམས་པ།
༡༧ཤྰ།ཕྱག་ཏུ་རལ་གྲི་བསྣམས་པ།