རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2(3)
ཤ་བོ་བཙུན་ཐར། རྨ་ལྷོ། 2011-01-20
༡༨ཀེང་རུས་གཉིས།ཕྱག་ཏུ་དབྱུག་ཐུང་བསྣམས་པ་སྟེ་འཆམ་པ་བཅོ་བརྒྱད་ཡོད་དོ།།
བདུན་པ།འཆམ་གྱི་སྒྱུ་རྩལ་ལས་འཕྲོས་པའི་དམངས་སྲོལ་རིག་གནས་བཤད་པ།
འཆམ་དེ་ཉིད་ཐོག་མར་བོད་དུ་དར་བའི་ཚེ་དགོན་པ་ཁོ་ནའི་ཁྲོད་ཆེས་གསང་སྟབས་སུ་འཁྲབ་པའི་ཆོས་ཀྱི་ཆོ་ག་ཞིག་ཡིན་ལ།ཆོ་ག་དེ་ཉིད་ལོ་རྒྱུས་ཀྱི་དུས་རབས་མང་པོ་བརྒྱུད་དེ་ད་ལྟའི་རྣམ་པ་འདི་བཞིན་རྒྱ་ཆེར་འཕེལ་བ་དང་།གྲོང་པ་རྣམས་ཀྱིས་ཀྱང་མིག་གི་ལྟད་མོར་མངོན་ཆོག་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་ཏུ་གྱུར་ཡོད།དུས་རབས་མི་འདྲ་བའི་ཁྲོད་ཆོ་ག་འདི་ཉིད་ལ་གོང་འཕེལ་ལམ་འགྱུར་བ་ཅུང་ཟད་རེ་ངེས་པར་དུ་བྱུང་ཡོད་ལ།འགྱུར་བ་དེ་དག་གིས་རེབ་གོང་ས་ཁུལ་གྱི་དམངས་སྲོལ་རིག་གནས་སྒྱུ་རྩལ་གོང་འཕེལ་དུ་འགྲོ་བར་ཡང་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད།
༡འཆམ་གྱི་འབག་ལས་འཕྲོས་པའི་རེབ་གོང་སྒྱུ་རྩལ།
ལྷ་རྗེ་བྲག་སྣ་བས་རེབ་གོང་དུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་སྐབས་རྗེ་འདི་ཉིད་ཀྱི་ཞབས་ཞུའི་ནང་དུ་ལྷ་བཟོ་ཡོད་པར་མ་ཟད་ལྷ་སྐུ་དང་མཆོད་རྟེན་བཅས་ཀྱི་ཐིག་རྩའི་མ་ཕྱི་ཡང་རེབ་གོང་ཕྱོགས་སུ་ཁྱེར་ཡོང་བ་དང་།སྐབས་དེའི་རེབ་གོང་གི་ཆོས་སྲིད་གཉིས་ཀྱི་མངའ་བདག་ཆེན་པོ་རོང་ཆེན་མདོ་སྡེ་འབུམ་གྱི་ནང་སོ་ཕོ་བྲང་དུ་ལྡེབས་རིས་དང་ལྷ་སྐུལ་བཅས་བཞེངས་པ་དེ་ནི་རེབ་གོང་ས་ཁུལ་གྱི་ཆེས་སྔ་བའི་ནང་བསྟན་གྱི་སྒྱུ་རྩལ་ཡིན།དུས་དེ་སྐབས་ནས་འབག་གི་སྒྱུ་རྩལ་འདི་ཡང་ནང་བསྟན་སྒྱུ་རྩལ་དང་འདྲ་བར་དགོན་པ་དང་འཆམ་གྱི་ཁྲོད་བཀོལ་བར་མ་ཟད།ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་རེབ་གོང་སྒྱུ་རྩལ་དང་ཕྱོགས་གཅིག་ཏུ་འདྲེས་ཏེ།ལྷ་སྐུ་དང་ལྡེབས་རིས་དང་མཚུངས་པར་ཞི་ཁྲོའི་ལྷ་ཚོགས་ཀྱི་སྣང་བརྙན་དེ་ཞལ་འབག་རྣམས་སྙིང་རྗེ་དང་ལྡན་པའི་ཉམས་དང་།ཁྲོ་བའི་ཞལ་འབག་རྣམས་ཁྲོ་ཉམས་འཇིགས་རུང་གི་ཁྱད་ཆོས་བཅས་རྣམ་པ་ཚོན་མདངས་ཀྱི་དང་ལྷོད་རན་པའི་ཁྱད་ཆོས་ཇི་སྙེད་ཅིག་ལྡན།འདི་དག་ནི་རེབ་གོང་སྒྱུ་རྩལ་གྱི་ཆེས་ཐོག་མའི་སྒྱུ་རྩལ་གྱི་བརྩམས་ཆོས་ཡིན་ལ།སྒྱུ་རྩལ་བརྩམས་ཆོས་འདི་དག་ལ་བལྟས་ན་སྐབས་དེའི་དུས་ནས་རེབ་གོང་སྒྱུ་རྩལ་ལ་འཕེལ་རྒྱས་ཆེན་པོ་བྱུང་ཞིང་།རེབ་གོང་སྒྱུ་རྩལ་གྱི་ལྷ་བཟོ་མཁས་པ་གང་མང་བྱུང་ནས་རིན་ཐང་བྲལ་བའི་སྒྱུ་རྩལ་གྱི་བརྩམས་ཆོས་བཞེངས་བསྐྲུན་བྱེད་པར་མཛད་རྗེས་ཆེན་པོ་བཞག་ཡོད་པ་ཤེས་ཐུབ།དེའི་རྐྱེན་གྱིས་འབག་བཟོ་བའི་སྒྱུ་རྩལ་འདི་ཡང་དུས་རབས་ཀྱི་འགྱུར་བ་དང་བསྟུན་ནས་ས་གནས་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་ཁྱད་པར་བ་ཞིག་ཏུ་གྲུབ་ཡོད།
༢ འཆམ་གྱི་སྟངས་སྟབས་ལས་འཕྲོས་པའི་རྣམ་ཐར་སྒྱུ་རྩལ།
ཆོས་ལུགས་ཀྱི་གར་འཆམ་དང་དམངས་ཁྲོད་ཀྱི་རྣམ་ཐར་སྒྱུ་རྩལ་གཉིས་ཀྱི་ཐོག་མའི་འབྱུང་ཁུངས་དང་།འཁྲབ་སྟོན་གྱི་སྒྱུ་རྩལ།གླུ་དབྱངས་ཀྱི་འགྱུར་ཁུག རོལ་མོའི་ཆིངས་བཅས་ཀྱི་ཕྱོགས་ནས་རང་རང་གི་ཁྱད་ཆོས་དང་མི་འདྲ་ས་མང་མོད།དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ཕན་ཚུན་ལ་ཤན་ཤུགས་ཐེབས་ཡོད་པ་ནི་གདོན་མི་ཟ་སྟེ།རྣམ་ཐར་སྒྱུ་རྩལ་ཁྲོད་བཀོད་བཞིན་པའི་རོལ་ཆས་རྔ་དང་སྦུབ།རི་དྭགས་ཕོ་མོའི་འབག་དང་མི་སྣའི་སྟངས་སྟབས་ཁ་ཤས་བཅས་ལས་གསལ་བོར་ཤེས་ཐུབ།
རེབ་གོང་དུ་མཚོན་ན།སྤྱི་ལོ༡༦༩༠ལོ་ནས་སྤྱི་ལོ༡༧༢༠ལོའི་བར་རོང་བོ་དགོན་ནས་རྣམ་ཐར་ཟློས་གར་འཁྲབ་པའི་དབུ་བརྙེས་པ་ནས་བཟུང་།རྣམ་ཐར་ཟློས་གར་འཁྲབ་པའི་གཞུང་ལུགས་དང་།འཁྲབ་སྲོལ།རྣམ་པ་སོགས་སྒྱུ་རྩལ་གྱི་མ་ལག་རྒྱ་ཆེར་གྲུབ།སྐབས་དེར་རྣམ་ཐར་ཡང་ཆོས་ལུགས་ཀྱི་བྱེད་སྒོ་འཆམ་དང་འདྲ་བར་དགོན་པ་ཁོ་ན་ལས་དམངས་ཁྲོད་དུ་འཁྲབ་སྲོལ་མེད།རོང་བོ་དགོན་པའི་རྣམ་ཐར་འཁྲབ་མཁན་ནི་གྲྭ་ཚང་ཐོས་བསམ་གླིང་གི་གྲྭ་པ་ཡིན་ལ།འཆམ་རྒྱག་མཁན་ཡང་གྲྭ་ཚང་འདི་ཉིད་ཡིན་པས།རྣམ་ཐར་སྒྱུ་རྩལ་གྱི་དབྱངས་དང་མི་སྣ་བཞེངས་བསྐྲུན་གྱི་ཁྲོད་ནས་འཆམ་གྱི་སྣང་བརྙན་གསལ་བོར་མཐོང་ཐུབ།
སྤྱི་ལོ༡༩༧༨ལོར་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ཉམས་རྒུད་དུ་གྱུར་བ་རྣམས་སླར་གོས་བྱེད་པའི་འགོ་ཚུགས་པ་དང་བསྟུན།རེབ་གོང་གི་ལྕང་སྐྱ་དང་གླིང་རྒྱ་སོགས་ཡུལ་སྡེ་མང་པོས་ལས་ཞོར་རྣམ་ཐར་ཚོགས་པ་བཙུགས་ཤིང་།རྣམ་ཐར་གྱི་འཁྲབ་གཞུང་ཡང་《དྲི་མེད་ཀུན་ལྡན》《སྣང་ས་འོད་འབུམ》《པདྨ་འོད་འབར》《གཟུགས་ཀྱི་ཉི་མ》《སྲོང་བཙན་སྒམ་པོ》སོགས་འཁྲབ་གཞུང་མང་པོ་འཁྲབ་པས།ས་ཁུལ་འདིར་རྣམ་ཐར་སྒྱུ་རྩལ་གྱི་འཕྲིན་ལས་རྒྱ་ཆེར་འཕེལ།འོན་ཀྱང་།རེབ་གོང་གི་དམངས་ཁྲོད་རྣམ་ཐར་སྒྱུ་རྩལ་འདི་ཉིད་རོང་བོ་དགོན་པའི་སྔར་ཡོད་འཁྲབ་གཞུང་གི་རྣམ་པ་དེ་ཇི་མ་ཇི་བཞིན་དུ་བཤུས་པ་ཡིན་པར།དབྱངས་རྟ་དང་རོལ་མོ་སོགས་ཀྱི་ཐད་ནས་ཀྱང་གཏན་འཁེལ་རང་བཞིན་གང་ཡོད་སོར་འཇོག་མ་བྱས་པར་སྔར་ཡོད་རོང་བོ་དགོན་པའི་ཟློས་གར་འཁྲབ་གཞུང་དང་ཡོངས་སུ་གཅིག་པ་མིན་ལ།དབུས་གཙང་གི་ཨ་ཅེ་ལྷ་མོ་དང་ཡང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྣམ་པ་གསར་བ་ཞིག་གྲུབ་ཡོད།རྣམ་པ་འདིས་རེབ་གོང་ཡུལ་གྱི་དམངས་ཁྲོད་རྣམ་ཐར་སྒྱུ་རྩལ་འཕེལ་རྒྱས་འགྲོ་བར་གོམ་སྟབས་གསར་བ་ཞིག་སྤོས་ཡོད་དོ།།