སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།

    ལུག་ཚང་དཔལ་ཡོན།    2013-12-03

སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།

སྙན་པའི་གྲགས་པ་ཡུལ་གྲུ་ཀུན་ལ་ཁྱབ་པའི་སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་ནི། བོད་མི་རིགས་ཀྱི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་བརྩམས་ཆོས་ལེགས་པོ་ཞིག་ཡིན་པས། ད་ལྟ་རྒྱལ་ཁབ་ཕྱི་ནང་གི་ལྗོངས་རྒྱུ་པ་དང་མཇལ་སྐོར་པ་རྣམས་ཀྱི་མིག་གི་དབང་བོ་ཅིག་ཅར་འཕྲོག་སྟེ། མཐོང་མ་ཐག་ནས་བསྟོད་པའི་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ་བྱུང་ཚུལ་མི་འདྲ་བ་གཉིས་མཆིས་ཏེ། དང་པོ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་སྐབས་སྐལ་རྫོགས་སུ་བསྣམས་པའི་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ལ་སོན་པའི་སྐུ་ཞལ་དེ་ར་ས་གཙུག་ལག་ཁང་དུ་བཞུགས་སུ་བཅུག རྒྱ་གར་དུ་སྐུ་གསུང་ཐུག་རྟེན་ལ་མེ་ཏོག་དང་དྲི་ཆབ། ཞལ་ཟས་མར་མེ་སོགས་ཀྱིས་མཆོད་པའི་སྲོལ་ཡོད་མོད། བོད་ཡུལ་ནི་བསིལ་དུས་ཀྱི་ཡུན་ཅུང་རིང་བའི་ཡུལ་གྲུ་ཡིན་པས། མེ་ཏོག་གི་མཆོད་པའི་རྒྱུན་རིང་བོ་བསྲིངས་མི་ཐུབ། དེ་ནས་མར་རྒྱན་གྱིས་བཟོས་པའི་མེ་ཏོག་གི་མཆོད་པ་ཕུལ་བས། ད་ལྟའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་སྲོལ་རྒྱུན་འདི་ཉིད་བྱུང་བར་གྲགས།
   གཉིས་པ་ནི་རྗེ་ཙོང་ཁ་པ་ཆེན་པོ་ཞལ་བཞུགས་དུས་མནལ་ལམ་དུ་འཇིག་རྟེན་སྟེང་གི་རྩྭ་རྩི་ཤིང་ཐམས་ཅད་སྒྲོན་མེ་དང་། ཚེར་མ་ཐམས་ཅད་མེ་ཏོག་ཏུ་གྱུར་པ་ཞིག་རྨིས། ཕྱི་ཉིན་ཁོང་གིས་མནལ་ལམ་ཇི་བཞིན་འཁོར་རྣམས་ལ་གསོལ་མར་གྱིས་མེ་ཏོག་བཟོ་བར་བསྐུལ་ནས་མེ་ཏོག་གི་མཆོད་པས་རྒྱ་ལོའི་བཅོ་ལྔའི་ཉིན་སྐུ་གསུང་ཐུགས་རྟེན་ལ་མཆོད་པ་ཕུལ། དུས་དེ་ནས་བཟུང་ལོ་རེ་བཞིན་རྒྱུན་ཆད་མེད་པར་མེ་ཏོག་གི་མཆོད་པ་བྱས་པར་གྲགས། མེ་ཏོག་གི་མཆོད་པ་འདི་ནི་ཟངས་བཟོ་དང་འཇིམ་བཟོ་ལྟ་བུ་ཞིག་མིན་པར། མར་གྱི་སྲ་མཁྲེགས་སྲུང་འཛིན་བྱེད་ཆེད་ལས་བཟོ་བྱེད་པའི་དུས་ནི་དགུན་དུས་ཡིན་དགོས། ལོ་ངོ་འདི་གར་བཞེངས་པའི་མེ་ཏོག་མཆོད་པ་ལའང་རྣམ་པ་མང་ཞིང་རྒྱ་ཧ་ཅང་ཆེ་སྟེ།༼སངས་རྒྱས་ཀྱི་མཛད་རྣམ༽དང་། ༼དྲི་མེད་ཀུན་ལྡན༽ ༼འགྲོ་བ་བཟང་མོ༽༼འཇམ་པའི་དབྱངས༽སོགས་གཙོ་སྐུ་རུ་བཞེངས་ཡོད་པ་མ་ཟད། ཟུར་བརྒྱན་དུ་རི་དང་གཙང་བོ། བ་གམ། ལྡིང་ཁང་སོགས་བཞེངས་ཡོད་པས་དངོས་གནས་ལྟ་བས་ཆོག་མི་ཤེས་པ་ཞིག་ཡིན་ནོ། །
  • ལེ་ཚན་སྔོན་མ།: ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • ལེ་ཚན་རྗེས་མ།:བཅུ་བའི་ལྔ་མཆོད་ཆེན་མོ་ངོ་སྤྲོད་མདོར་བསྡུས།