བཅུ་བའི་ལྔ་མཆོད་ཆེན་མོ་ངོ་སྤྲོད་མདོར་བསྡུས།

        2013-12-02

བཅུ་བའི་ལྔ་མཆོད་ནི་ལུགས་རྙིང་གི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ཡིན་ལ། ཉིན་དེ་ནི་དགེ་ལུགས་པའི་ཤིང་རྟའི་སྲོལ་འབྱེད་མཉམ་མེད་ཙོང་ཁ་བ་ཆེན་པོ་བློ་བཟང་གྲགས་པའི་དཔལ་མྱ་ངན་ལས་འདས་པའི་དུས་མཆོད་ཀྱི་ཉིན་མོ་ཡིན་པ་དང་། དབུས་གཙང་ས་ཆར་དགོངས་རྫོགས་ཀྱི་དུས་མཆོད་ཆེན་མོ་དེ་ལ་དགའ་ལྡན་ལྔ་མཆོད་ཅེས་འབོད་པ་རེད། བོད་རབ་བྱུང་བདུན་པའི་ས་མོ་ཕག་སྟེ1419ལོའི་སྟོན་དུས། ཁམས་གསུམ་འགྲོ་བའི་བླ་མ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་སྟོད་ལུང་དང་འབྲས་སྤུངས། ལྷ་ས། སེ་ར་སོགས་སུ་ཕེབས་ནས་བཀའ་ཆོས་མང་དུ་གསུངས། དེ་ནས་སླར་དགའ་ལྡན་དུ་ཕྱིར་ཕེབས་ཏེ་ཐུབ་དབང་ཚུལ་ཁྲིམས་མའི་སྐུ་མདུན་དུ་མཆོད་འབུལ་དང་བསྔོ་སྨོན་རྒྱ་ཆེར་མཛད་རྗེས་སྐུ་བེར་དང་དབུ་ཞྭ་དག་སྲས་ཀྱི་ཐུ་བོ་དར་མ་རིན་ཆེན་ལ་གནང་སྟེ་རྒྱལ་ཚབ་ཏུ་བསྐོ་བཞག་མཛད་མཐར། བོད་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་མཛད།
      དེའི་ཕྱི་ལོ་ལྕགས་བྱི་སྟེ1420ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཇིན་དགའ་ལྡན་དུ་རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མས་གསང་བདེ་འཇིགས་གསུམ་དང་ཀྱེ་རྡོར། དུས་འཁོར། ཚེ་དཔག་མེད། ཀུན་རིག་སོགས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་དང་དགོངས་རྫོགས་རྒྱ་ཆེ་བ་བསྒྲུབས་པ་དང་། དུས་མཚུངས་སུ་སྣེའུ་དཔོན་ནམ་མཁའ་བཟང་ཁུ་དབོན་གྱིས་ཀྱང་ར་ཁ་བྲག་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་གདན་དྲངས་ཏེ། དགེ་འདུན་མང་བོས་མཆོད་འབུལ་རྒྱ་ཆེར་མཛད་པ་ནས་བཟུང་། དེང་སང་གི་བར་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་རྒྱ་བོད་ཧོར་སོགས་ཀྱི་དད་ལྡན་ཐམས་ཅད་ཀྱིས་རྣམ་དཀར་ལས་ལ་བརྩོན་ཞིང་། གླིང་མེ་བཀར་བའི་སྲོལ་བྱུང་། མདོ་ཁམས་ལ་སོགས་བོད་ཀྱི་ས་ཕྱོགས་གཞན་ཀུན་རུ་ཡང་ལོ་རེའི་ཉིན་དེར་དགོན་གྲོང་གཉིས་སུ་རྣམ་དཀར་དགེ་སྒྲུབ་ཀྱི་ལས་ལ་འབད་པ་དང་སྲོག་གཅོད་སྡིག་ལས་སོགས་མི་བྱེད་པར་རང་གི་འབྱོར་བར་གཞིགས་ཏེ་དགོན་སྡེ་ཁག་ལ་མཆོད་འབུལ་བརྒྱ་འབུལ་སྟོང་འབུལ་བྱེད་པ་དང་། མཚན་མོ་གླིང་མེ་བསྒྲོན་ཏེ་རྗེ་བདག་ཉིད་ཆེན་པོར་དྲན་གསོ་བྱེད་པའི་སྲོལ་བཟང་དར་ཡོད།
 

  • ལེ་ཚན་སྔོན་མ།:སྐུ་འབུམ་བྱམས་པ་གླིང་གི་མེ་ཏོག་མཆོད་པ།
  • ལེ་ཚན་རྗེས་མ།:བཅོ་ལྔ་མཆོད་པ།