ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོའི་སྨོན་ལམ་ཆེན་མོའི་ངོ་སྤྲོད་མདོར་བསྡུས།

རྩོམ་སྒྲིག་པ།        2012-07-06

དཔལ་གྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོར་སྨོན་ལམ་ཆེན་མོ་ཡོངས་གྲགས་སུ་དབྱར་ཁའི་སྨོན་ལན་ཞེས་པ་ལོ་ལྟར་བོད་ཟླ་ལྔ་བའི་ནང་གོས་སྐུ་འགྲེམས་པའི་ཆོས་ལུགས་ཀྱི་མཛད་སྲོལ་དེ་ནི་བོད་རབ་བྱུང་བརྒྱད་པའི་མེ་ཡོས་སྤྱི་ལོ1447ལོར་རྗེ་དགེ་འདུན་གྲུབ་ཀྱིས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་ནས་ལོ་དགུ་སོང་བའི་བོད་རབ་བྱུང་བརྒྱད་པ་མེ་བྱི་སྤྱི་ལོ1456ལོར་མ་འོངས་པ་ན་འགྲོ་བ་དུ་མ་ཞིག་ཚེ་ལོ་བརྒྱད་ཁྲི་དང་ལྡན་པའི་བྱམས་པའི་བསྐལ་བ་ལ་སྤྱོད་པའི་རྟེན་འབྲེལ་ཁྱད་པར་ཅན་ལ་དགོངས་ནས་ཐུགས་སྨོན་དང་བཅས་ཐོག་མ་བཙུགས་པར་མཛད།
         དེ་དུས་གསར་བཞེངས་མཛད་པའི་གོས་སྐུ་སྤེལ་གྱི་མཐོ་ཚད་ལ་འདོམ་བཅོ་བརྒྱད་དང་ཞེང་ཚད་ལ་འདོམ་བཅུ་གཉིས་བཅས་ཡོད་པའི་རྣམ་འདྲེན་བཞི་བའི་གོས་སྐུ་ཆེན་མོ་ཡིན་པར་འདུག  དེ་ནས་བོད་རབ་བྱུང་བཅུ་གཅིག་པ་ལྕགས་གླང་སྤྱི་ལོ1601ལོར་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་བཀྲ་ཤིས་ལྷུན་པོའི་ཁྲིར་བྱོན་རྗེས་དེ་སྔའི་གོས་སྐུ་སྤེལ་ཏེ་ད་ལྟའི་མཐོ་ཚད་དང་ཞེང་ཚད་དུ་བསྐྱར་བཅོས་ཆེན་པོ་མཛད་པ་དང་ཆབས་ཅིག་དེ་ལ་འགྲེམ་བྱེད་ཀྱི་དུས་གསུམ་སངས་རྒྱས་ཏེ་འདས་པའི་སངས་རྒྱས་འོད་དཔག་མེད་དང་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ། མ་འོངས་པའི་སངས་རྒྱས་བྱམས་པ་བཅས་ཀྱི་གོས་སྐུ་སྲིད་འདིར་འགྲན་ཟླ་དང་བྲལ་བ་དེང་སྐབས་རང་ཅག་རྣམས་ཀྱི་མིག་ལམ་དུ་མཇལ་རྒྱུ་ཡོད་པ་དེ་རྣམས་བཞེངས་པར་མཛད། གཞན་ཡང་སྤྱི་ལོ1952ལོར་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་རང་གི་གདན་སར་བྱོན་རྗེས་རྒྱལ་བ་མར་མེ་མཛད་ཀྱི་གོས་སྐུ་གསར་བཞེངས་མཛད་པ་ཚུད་པའི་ད་བར་གོས་སྐུ་ཆེན་མོ་བརྒྱད་ཙམ་བྱུང་། 
         གོས་སྐུ་འགྲེམ་ཚུལ་ནི་ཐོག་མར་ལོ་ལྟར་བོད་ཟླ་ལྔ་བའི་ཚེས་བཅུ་གསུམ་ཉིན་གྱི་དགོང་དྲོ་རྒྱུག་འགྲེམ་ཞེས་གོས་སྐུ་བཏག་བྱེད་ཀྱི་ལྕམ་རྒྱུག་མང་པོ་འབྲེང་ཐག་གིས་སྦྲེལ་ནས་གོས་སྐུ་སྤེལ་གྱི་སྤེན་པད་འོག་གི་རྩིག་ངོས་སུ་སྲ་ཞིང་བརྟན་པར་གཏན་འཇགས་སུ་སྒྲིག་ཡོད་པའི་ལྕགས་ཤན་སྦྱར་མའི་ཤིང་འཁོར་རྣམས་ལ་བརྟེན་ནས་སྤེན་པད་འོག་ཏུ་ཡར་འདྲེན་པའི་ལྕམ་རྒྱུག་སྦྲེལ་མ་རྣམས་གོས་སྐུ་སྤེལ་གྱི་ཞབས་སུ་བཏང་ནས་གོས་སྐུ་བཏགས་རྗེས་གོས་སྐུ་སྤེལ་གྱི་ཡངས་སྟེང་ནས་ཤར་རྩེ་གྲྭ་ཚང་། དཀྱིལ་ཁང་གྲྭ་ཚང་། ཐོས་བསམ་གླིང་གྲྭ་ཚང་གསུམ་པོས་སོ་སོའི་ཐོབ་ཁུངས་བཞིན་ཤིང་འཁོར་རྣམས་བརྒྱུད་སྦྲེང་ཐག་གིས་ཡར་གདན་དྲངས་ནས་ཞལ་ཁེབས་ཕྱེ་བ་སྟེ་གོས་སྐུ་དངོས་སུ་བཀྲམས་ནས་ཧ་ལམ་ཆུ་ཚོད་གཉིས་ཡས་མས་ཙམ་འཇོག་ཅིང་དེ་ཉིན་ཕྱོགས་དང་ཕྱོགས་མཚམས་ནས་འོངས་པའི་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོ་གོས་སྐུ་སྤེལ་དང་སྐོེར་ལམ་སྐྱིད་སྐྱིད་ན་ཁ་དགོན་པའི་ལྷོ་ངོས་ཤིང་འབྲས་གླིང་ཁ་སོགས་སུ་ཁེངས་ནས་བསྡད་དེ་རྣམ་དཀར་ལས་ཀྱི་བྱ་བས་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་སུ་གསོལ། དུས་དེར་གོས་སྐུ་སྤེལ་གྱི་ཡངས་སྟེང་དང་དེ་སྔ་མགོན་པའི་ལྷོ་ངོས་དང་དེང་སྐབས་སྐྱིད་སྐྱིད་ན་ཁ་བཅས་སུ་དབུ་གུར་དང་བཅས་དགེ་འདུན་གྱི་ཚོགས་ཆེན་པོས་བྱམས་པའི་སྨོན་ལན་གྱི་མཛད་སྒོ་གཟབ་རྒྱས་སུ་མཛད།
         དེ་ནས་བཀྲ་ཤིས་ཁྲ་རིང་ཅེས་གོས་སྐུ་གཡས་གཡོན་གཉིས་སུ་འཇའ་ཚོན་ལྟར་བརྐྱངས་ཤིང་སི་ཤན་འཛར་ཇབ་ཐོག་ལཡེར་དྲིལ་གྱི་བརྒྱན་གྱིས་མཛེས་པར་འཕྱང་བའི་ཚོན་ཕྲ་སྤེལ་མའི་གོས་དར་རིང་མོ་དེ་གཉིས་གྲྭ་ཚང་སོ་སོའི་ཐོབ་ཁུངས་ལྟར་གོས་སྐུ་སྤེལ་གྱི་ཡངས་སྟེང་ནས་དལ་གྱིས་བསྡུས། མཚམས་དེར་ཡངས་སྟེང་གི་དབུས་ནས་རྒྱལ་དཔོན་ཡར་བཞེངས་ཏེ་སྐད་གསངས་མངོན་པར་མཐོ་བའི་རྒྱལ་རྔ་བརྡུང་། རྒྱལ་རྔ་དང་པོར་ཐག་བསྒྲིལ་ཞེས་སྨན་རྩེ་ལས་གྲུབ་པའི་གོས་སྐུའི་ཞལ་ཁེབས་ཀྱི་འཐེན་ཐག་གྲུ་གུར་བསྒྲིལ་བ་རྣམས་ཡངས་སྟེང་ནས་དུས་གཅིག་ཏུ་གཤམ་དུ་གཡུག   རྒྱལ་རྔ་གཉིས་པར་གོས་སྐུ་སྤེལ་གྱི་ཞབས་སུ་ཡོད་པའི་ལས་བྱ་རྣམས་ཀྱིས་གཡུག་མ་ཐག་པའི་ཞལ་ཁེབས་ཀྱི་འཐེན་ཐག་རྣམས་འཐེན་ནས་ཞལ་ཁེབས་བསྒྲོན། རྒྱལ་རྔ་གསུམ་པར་གོས་སྐུ་བཏགས་པའི་ལྕམ་རྒྱུག་སྦྲེལ་མ་རྣམས་ཤུགས་དྲག་དང་བཅས་ཤིང་འཁོར་བརྒྱུད་སྦྲེང་ཐག་ལ་བརྟེན་ནས་གཤམ་དུ་གཏོང་བ་བཅས་ཀྱི་གོས་སྐུ་འགྲེམ་བསྡུའི་མཛད་སྒོ་རྒྱས་པར་མཛད་པ་ཡིན་ནོ།།
         དེ་ཡང་ལོ་མང་ཆེ་བའི་སྨོན་ལན་གྱི་ཉིན་དང་པོར་འདས་པའི་སངས་རྒྱས་འོད་དཔག་མེད་སྐུ་མདོག་དམར་སེར་དང་། ཉིན་གཉིས་པར་ད་ལྟའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་ལྟ་བུ།  ཉིན་གསུམ་པར་མ་འོངས་སངས་རྒྱས་བྱམས་པ་བཅས་ཀྱི་གོས་སྐུ་འགྲེམ་པར་མཛད་པ་དང་ལོ་འགའ་རེར་གོས་སྐུ་གཞན་དཔེར་ན་སྤྱན་རས་གཟིགས་དང་རྒྱལ་བ་མར་མེ་མཛད་ལ་སོགས་པའི་གོས་སྐུ་ཡང་འགྲེམ་པར་མཛད་དོ།།
         བྱམས་པའི་སྨོན་ལན་ཆེན་མོའི་རིང་ལ་གཞིས་རྩེ་གྲོང་ཁྱེར་གྱི་མང་ཚོགས་སྤྱི་དང་བྱེ་བྲག་ཉེ་འདབས་ཞིང་ཁུལ་སོགས་ནས་ཡོང་བའི་གཟབ་མཆོར་སྤྲས་པའི་མི་ཚོགས་ཧ་ཅང་ཆེན་པོས་འདི་ཕྱི་དོན་ལྡན་སྤྱོད་པའི་དགའ་སྤྲོའི་ཚོར་སྣང་དང་བཅས་སྔ་ཞོགས་གོས་སྐུའི་ཞལ་མཇལ་དང་དགོང་དྲོ་གླིང་ཁ་སོགས་སུ་བསྐྱོད་ནས་གླིང་གཏོང་དགའ་སྐྱིད་ལ་རོལ་བའི་ལོ་རྒྱུས་ཀྱི་སྲོལ་རྒྱུན་དེ་དུས་ད་ལྟའི་བར་ཡང་སྔར་བཞིན་གནས་ནས་བགྲང་བྱ་ལྔ་བརྒྱ་སུམ་ཅུ་ལྷག་ཙམ་ཕྱིན་ཡོད།

  • ལེ་ཚན་སྔོན་མ།:དཔལ་ལྷའི་རི་རབ་བམ་དཔལ་ལྷའི་རི་ཁྲོད་ཀྱི་དུས་ཆེན་ངོ་སྤྲོད།
  • ལེ་ཚན་རྗེས་མ།:ལྔ་བའི་ཚེས་ལྔའི་སངས་རྒྱས་སྨན་ལྷའི་དུས་ཆེན་ར་སྤྲོད་མདོར་བསྡུས།