ས་ག་ཟླ་བ།

དུང་དཀར་རིན་པོ་ཆེན།        2010-04-27

བོད་ཟླ་བཞི་པ་ནས་ས་ག་ཟླ་བ་ཞེས་བདག་ཅག་གི་སྟོན་པ་ཤྰཀྱ་ཐུབ་པ་དགའ་ལྡན་གྱི་གནས་ནས་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་པའི་ཚེས༡༥ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བྷིའི་ཞལ་དུ་སྐུ་བལྟམས་པའི་དུས་ཆེན་ད་གཅིག  ཤིང་རྟ་ས་ཟླ་ཡར་ཚེས་༡༥ཡི་མཚན་མོ་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་བ་མེད་པའི་ཏིང་འཛིན་ལ་གནས་ཏེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པའི་དུས་ཆེན་དང་གཉིས།ལྕགས་འབྲུག་ས་ག་ཟླ་བའི་ཚེས༡༥ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད།འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན།ཟག་བཅས་ཐམས་ཅད་ནི་སྡུག་བསྔལ་བའོ།།ཆོས་ཐམས་ཅད་ནི་སྟོང་ཤིང་བདག་མེད་པ་ཞེས་གསུང་གི་ཐ་མ་བསྩལ་ནས་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱི་དུས་ཆེན་ཁྱད་འཕགས་ལ་མཆོད་འབུལ་སོགས་བྱས་ན་འགྱུར་ཆེར་བརྩི་བའི་ཟླ་བ་དེའི་རིང་དགོན་པ་ཁག་ལྟ་ཅི།རྒྱ་ཆེའི་མང་ཚོགས་ཀྱིས་ཀྱང་ཤ་ཟ་བ་སྤངས་པའི་གོམས་གཤིས་ཡོང་ཅིང་།གཞུང་གནས་དང་།རྩིས་ཁང་ལས་ཁུངས་ནས་ཤོད་སྐོར་གྱི་ས་ཟླའི་མཆོད་སྤྲིན་མ་དངུལ་སྐྱེད་འབབ་ཐོག་ཞལ་འདེབས་ཀྱིས་ཚེས་བརྒྱད་དང་།བཅོ་ལྔ།གནམ་གང་བཅས་ལ་གཙུག་ལག་ཁང་དང་།ར་མོ་ཆེ།རྩེ་འཕགས་པ་ལྷ་ཁང་བཅས་སོ་སོར་སྟོང་མཆོད་རེ་དང་།རྟེན་གཙོ་ཚང་མར་ཞལ་གསེར་སྒྲོན་འབུལ།ཕྱོགས་མཐའི་མཐའ་འདུལ་ཡང་འདུལ་སོགས་ཀྱི་རྟེན་ཁག་ལ་ཞལ་གསེར་སྒྲོན་འབུལ།སྙན་ཤལ་སོགས་ཀྱི་མཆོད་ཡོན་དོད་དངུལ་བཅས་བཀའ་ཤག་དམ་སྦྱར་བཀའ་རྒྱ་རེ་ཁུངས་སོ་སོར་གཏོང་སྲོལ་ཡོད།ཚེས༡༥ཉིན་ཞོགས་པ་སྔ་ཆར་ཤོད་སྐོར་རྣམས་དམིགས་བསལ་གྱིས་ས་དབང་རྣམ་པ་ནས་བཟའ་ཇུས་སེར་དང་།ཛ་ཐའི།རིམ་བཞི་བཅས་ན་བཟའ་ཇུས་སེར།རྩིས་དཔོན།བླ་ཕྱག་སྲས་རྣམ་པ།ལས་ཚན་པ།དྲུང་དཀྱུས།རྩིས་ཕྲུག་པ་བཅས་ཀྱི་ན་བཟའ་ཚོས་མན་ལི་སེར་དང་།དབུ་ཞྭ་ལྕང་མདའ་བཅས་གཟབ་བཞེས་དང་བཅས་ཞོགས་པ་གཙུག་ལག་ཁང་དུ་སྡེབ་འཛོམས་ཐོག་གནས་གཟིགས་ལ་གོ་རིམ་བཞིན་ཕེབས་ཏེ་ཇོ་བོ་རྣམ་གཉིས་དང་།ཐུགས་རྗེ་ཆེན་པོ་གསུམ་སོ་སོར་སྙན་ཤལ་ནང་མཛོད་སྣ་ལྔ་རེ་དང་།དེ་བྱིངས་ཚང་མར་ཨ་ཤེ།ཟུབ་ཕྱི།ཕྱི་མཛོད་བཅས་སྒྲོན་འབུལ།དཀྱིལ་འཁོར་མཐིལ་མཚོ་མིག་ལ་མཚོ་རྫས་རིན་ཆེན་སྣ་ལྔའི་འཐུམ།གནས་གཟིགས་གྲུབ་སྟེ་སྣང་ཤག་ལས་ཁུངས་ཀྱི་སྒོ་འགྲམ་ཕེབས་སྐབས་མི་དཔོན་གཉིས་དང་།གཉེར་དྲུང་།ཁང་གཉེར་བཅས་ཀྱིས་སྦྲང་བན་ཞུས་ཐོག ས་དབང་རྣམ་པ་བཞིའི་སྐུ་ཐར་ཉེས་ཅན་བཙོན་པ་མི་བཞི་པུས་མོ་བཙུགས་ནས་གྲལ་བསྒྲིགས་ཏེ་བསྡད་ཡོད་པ་ལ་བཀའ་མགྲོན་དང་།རྩིས་པས་མི་རེར་ཁ་བཏགས་རེ་གཡོག་སྟེ་གློད་བཀྲོལ་གནང་སྲོལ་འདུག དེ་ནས་ར་ཆེའི་གནས་གཟིགས་གནང་རྗེས་གླིང་བསྐོར་བརྒྱུད་ནོར་གླིང་ཕོ་བྲང་དུ་བཅར།རྟེན་གཙོར་སྙན་དར་སྒྲོན་འབུལ་མཛད།དྲུང་བཞེས་ཚུགས།ཏྰ་ལའི་བླ་མར་མཇལ་ཁ་ཞུས།གསོལ་ཇ།བཞེས་འབྲས།དཀར་སྐྱོང་བཞེས་ཞོ།ཕེབས་སྒོ་བཞེས་ཟས་བཅས་ཕེབས།དེ་ནས་དྲུང་བཞེས་གྲོལ།བཀའ་བློན་ཚོ་བདེ་སྐྱིད་གླིང་ཁ་བར་ཡར་མར་ཆིབས་ཐོག་དང་།དེ་ནས་མུ་མཐུད་གླིང་བསྐོར་གྱི་གླང་ཁང་ཟུར་བརྒྱུད་རྩེར་གནས་གཟིགས་དང་།དེ་ནས་ཕྱིར་ཕེབས་ཀླུ་ཁང་ནང་དུ་ཕེབས་འབྱོར་མཚམས་ཀོ་དཔོན་གཉེར་པས་ཕེབས་ཀོ་ཉིས་སྦྲེལ་གཉིས་ཏེ་གཏོང་མི་ཀོ་པ་རྣམས་ཀྱང་རང་ལུགས་གྱོན་ཆས་གཟབ་མཆོར་གྱིས་ཕེབས་སྒུག་ཨང་གསར་ཐོག་ས་དབང་རྣམ་པ་འཁོར་བཅས་ཕེབས་ཀོར་བཞུགས།ཀླུ་ཁང་གི་རྡོ་སྐས་མཚམས་ཞོལ་གཉེར་སེར་སྐྱ་རྣམས་དང་གཉེར་དྲུང་བཅས་ནས་ཞབས་ཞུས་ཀྱི་ཀླུ་ཁང་གཟིམ་ཆུང་དུ་ས་དབང་རྣམ་པ་དང་།བྱིངས་བར་ཁྱམས་འཁོར་ཡུལ་ཏུ་བཞུགས་སྒྲིག་སར་གོ་རིམ་བཞིན་འཁོད།ཞོལ་ལས་ཁུངས་ནས་གསོལ་ཇ།འབྲས་བསིལ།ལའི་ཞེས་སྦང་ལུམ་བཙིར་བའི་ཁུ་བ།དགུང་ཚིགས་དཀར་སྐྱོང་རིམ་འབུལ་ཞུས།ལྷ་སའི་ནང་མའི་སྐྱིད་སྡུག་པ་ཚོས་རོལ་ཆ་དང་།གཞས་ཞབས་བྲོ་རྣམ་ཐར་བཅས་གཏོང་མི་དང་།ཀོ་དཔོན་གཉེར་པ།ཞོལ་ནང་བཅས་པར་ལེགས་དར།དངུལ་གྱི་གནང་ཆ་བསྩལ་ཏེ་ཕེབས་ཀོར་མཚོ་བསྐོར་གནང་སྒོ་ཟིན་མཚམས་གླིང་བསྐོར་འཕྲོ་སྐྱོང་དུ་ཕེབས།དེ་ཉིན་རྩེ་ཡིག་ཚང་ལས་ཁུངས་ནས་ཀྱང་སྔོན་ཚུད་རྟེན་གཙོ་ཁག་ལ་ཏྰ་ལའི་བླ་མ་མཆོག་གི་ཐུགས་སྨོན་སྙན་ཤལ་ཞུ་ལེན་དང་།བྱིན་རྟེན།མཛོད་ཆུང་ཁོངས་ནས་སྤྲང་འགྱེད་བསྡོགས་ལེན་མཁན་དྲུང་བཞི་དང་།ཡིག་ཞང་འཁོར་བཅས་ནས་བཟའ་རྒྱུན་ཆས་ཁ་གསར་གཟབ་མཆོར་གྱིས་སྔ་ཆར་རྩེ་ཕོ་བྲང་དུ་ཚང་འཛོམས་ཐོག་འཕགས་མཆོག་ལོ་ཀེ་ཤ་རྭས་གཙོས་རྩེའི་ལྷ་ཁང་ཁག་དང་།གོང་བཞིན་གླིང་བསྐོར་དུ་ཕེབས་ཏེ་ཀླུ་ཁང་།ར་ཆེ་གཙུག་ལག་ཁང་སོགས་ལ་གནས་གཟིགས།ཡིག་ཚང་ལས་བྱས་གཟིམ་ཆུང་སྐུ་སྒེར་གྱི་སྤྲང་འགྱེད་དང་།བྱིན་རྟེན་བཅས་ངན་སློང་ལ་སྤྲོད་པ་དང་།སྒེར་སོ་སོའི་མཆོད་འབུལ་གཟབ་རྒྱས་དང་སྦྱིན་གཏོང་སོགས་བྱེད་བཞིན་ཡོད།མང་ཚོགས་སེར་སྐྱ་རྣམས་ནས་ཀྱང་སྔ་དྲོ་ཕྱག་མཆོད་སོགས་ཚར་རྗེས་ཇ་ཆང་དང་།ཟ་ཆས་འཁྱེར་ཏེ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་མཚོ་བསྐོར་དང་།གཞས་རྣམ་ཐར་གཏོང་བས་མཚོན་སྤྲོ་སྐྱིད་གང་ལེགས་གཏོང་སྲོལ་ཡོད་པ་མ་ཟད།རང་རང་འཁོར་འབྱོར་ལ་དཔག་པའི་དཀོན་མཆོག་ལ་མཆོད་པ་དང་།སློང་མོ་བར་སྦྱིན་གཏོང་རྒྱ་གང་ཆེ་བྱེད་སྲོལ་ཡོད་ལགས།
  • ལེ་ཚན་སྔོན་མ།:སྨོན་ལམ་ཆེན་མོ།
  • ལེ་ཚན་རྗེས་མ།:འཇང་དགུན་ཆོས་སྐོར།