གྲུབ་མཐའ་སྨྲ་བ་བཞིའི་འདོད་ཚུལ་འགའ་ཞིག་གི་ཁྱད་པར།

དོར་ཞི་གདོང་དྲུག་སྙེམ་བློ།        2011-02-23

༡བདེན་པ་གཉིས་འདོད་ཚུལ་གྱི་ཁྱད་པར།བྱེ་སྨྲས།བཅོམ་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་རུང་བའི་ཆོས་ཀུན་རྫོབ་བདེན་པར་འདོད།མཚན་གཞི།རྫ་བུམ་དང་ཕྲེང་བ་ལྟ་བུ།བཅོམ་པའམ་བློ་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས་དོན་དམ་བདེན་པར་འདོད།མཚན་གཞི། རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དང་། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ།
 མདོ་སྡེ་བས།སྒྲ་དང་རྟོག་པས་བཏགས་ཙམ་དུ་གྲུབ་པའི་ཆོས་ཀུན་རྫོབ་བདེན་པར་འདོད། མཚན་གཞི། བུམ་པའི་དོན་སྤྱི་ལྟ་བུ། སྒྲ་དང་རྟོག་པས་བཏགས་པ་ལ་མ་ལྟོས་པར་མཚན་དུ་གྲུབ་པའི་ཆོས། དོན་དམ་པར་བདེན་པར་འདོད། མཚན་གཞི་བུམ་པ་ལྟ་བུ།
 སེམས་ཙམ་པས།ཐ་སྙད་དཔྱོད་བྱེད་ཀྱི་རིགས་ཤེས་ཀྱི་ཚད་མས་རྙེད་དོན་ཀུན་རྫོབ་བདེན་པར་འདོད།མཚན་གཞི།རྒྱུ་དང་རྐྱེན་ལས་སྐྱེས་པའི་གཞན་དབང་གི་ཆོས་དང་།བློས་རྟོག་བཏགས་བྱས་པའི་ཀུན་བཏགས་ཀྱི་ཆོས་གཉིས།དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་དོན་དོན་དམ་བདེན་པར་འདོད། མཚན་གཞི། བདག་གཉིས་གང་རུང་གིས་སྟོང་བའི་ཡོངས་སུ་གྲུབ་སྟེ། བདག་མེད་པའི་དོན་ལ་འདོད།
དབུ་མ་རང་རྒྱུད་པས།རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དོན་དམ་བདེན་པར་འདོད།མཚན་གཞི།བུམ་པ་བདེན་སྟོང་ལྟ་བུ།རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཀུན་རྫོབ་བདེན་པར་འདོད། མཚན་གཞི་བུམ་པ་ལྟ་བུ།
དབུ་མ་ཐལ་འགྱུར་བས། ཐ་སྙད་ཚད་མའི་ཡུལ་དུ་བདེན་པར་གྲུབ་པ།ཀུན་རྫོབ་བདེན་པར་འདོད།མཚན་གཞི།གང་ཟག་དང་ཀ་བུམ་ལྟ་བུ།མཐར་ཐུག་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མའི་རྙེད་དོན་དོན་དམ་བདེན་པར་འདོད།མཚན་གཞི། གང་ཟག་གི་བཏགས་དོན་གདགས་གཞི་ཕུང་པོ་སྟེང་དུ་རང་གཞིན་གྱིས་བདེན་པར་མ་གྲུབ་པ་དང་།བུམ་པ་ལ་ལྟོས་མེད་རང་དབང་དུ་གྲུབ་པའི་རང་བཞིན་མེད་པ་ལྟ་བུའོ།།
༢  ཕྱི་དོན་འདོད་མི་འདོད་ཀྱི་ཁྱད་པར།
བྱེ་བྲག་སྨྲ་བ་དང་མདོ་སྡེ་བས།སེམས་ལས་ངོ་བོ་ཐ་དད་པའི་ཕྱི་རོལ་གྱི་དངོས་པོ་རྫས་སུ་གྲུབ་པའམ་རང་མཚན་དུ་གྲུབ་པར་ཁས་ལེན་ལ།ཕྱི་རོལ་དོན་གྱི་དངོས་པོ་མེད་པར་སེམས་མི་སྐྱེ་བར་འདོད།
སེམས་ཙམ་པས།ཀུན་གཞིའི་རྣམ་ཤེས་ཐོག་ཏུ་ལས་ཀྱི་བག་ཆགས་བཞག་པའི་མཐུས་པའི་རྫས་ཀྱི་སྟེང་ནས་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་སྐྱེ་བ་དང་།སྔོན་པོ་དང་སྔོན་འཛིན་ཤེས་པ་ལྟ་བུ་རྫས་གཅིག་ཏུ་འདོད་ཅིང་།སེམས་ལས་ལོགས་སུ་གྲུབ་པའི་ཕྱི་དོན་མི་འདོད་དོ།།
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་སེམས་ཙམ་དང་མཐུན་པར་ཕྱི་དོན་མི་འདོད་ལ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་མདོ་སྡེ་བ་དང་མཐུན་པར་ཕྱི་དོན་འདོད་པ་ཡིན།
དབུ་མ་ཐལ་འགྱུར་བས་སེམས་དང་། ཕྱི་རོལ་གྱི་རང་བཞིན་གྱིས་གྲུབ་པར་མི་འདོད་ཀྱང་། ཐ་སྙད་ཚད་མའི་ངོར་འདུས་བྱས་རྟེན་འབྲེལ་གྱི་ཆོས་སུ་གྲུབ་པར་འདོད་པ།ཕྱི་ཡུལ་གྱི་དམིགས་པ་མེད་པར་སེམས་མི་སྐྱེ་བར་ཡང་འདོད།།
༣  བདག་མེད་འདོད་ཚུལ་གྱི་ཁྱད་པར།
བྱེ་མདོ་གཉིས་ཀྱིས་གང་ཟག་ལ་ཕྱི་རོལ་བའི་འདོད་པ་ལྟར་གྱི་རྟག་གཅིག་རང་དབང་ཅན་གྱི་རང་བཞིན་མེད་པར་འདོད་པ་གང་ཟག་གི་བདག་མེད་རགས་པ་དང་། གང་ཟག་ལ་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱི་རང་བཞིན་མེད་པར་འདོད་པ། གང་ཟག་གི་བདག་མེད་ཕྲ་མོར་འདོད་ཅིང་། གཞི་གྲུབ་ན་ཆོས་བདག་མེད་ཡིན་པས་ཁྱབ་པར་འདོད་པས་ཆོས་ཀྱི་བདག་མེད་ཁས་མི་ལེན་ནོ།།
སེམས་ཙམ་པས།གང་ཟག་གི་བདག་མེད་ཕྲ་རགས་གཉིས་འདོད་ཚུལ་བྱེ་མདོ་གཉིས་དང་མཐུན་ཞིང་། རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་མེད་པ་ཆོས་ཀྱི་བདག་མེད་རགས་པ་དང་།རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་བ་དང་།གཟུང་འཛིན་གཉིས་སྟོང་ཆོས་ཀྱི་བདག་མེད་ཕྲ་མོར་འདོད།
རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས།གང་ཟག་གི་བདག་མེད་ཕྲ་རགས་འདོད་ཚུལ་དང་།ཆོས་ཀྱི་བདག་མེད་རགས་པ་འདོད་ཚུལ་སེམས་ཙམ་པ་དང་མཐུན།ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད།
མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས།གང་ཟག་གི་བདག་མེད་ཕྲ་རགས་གཉིས་དང་།ཆོས་ཀྱི་བདག་མེད་ཕྲ་མོ་འདོད་ཚུལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་འདྲ་ལ།རྡུལ་ཕྲན་ཆ་མེད་བསགས་པའི་ཕྱི་རོལ་དོན་གྱིས་སྟོང་བ་ཆོས་ཀྱི་བདག་མེད་རགས་པར་འདོད།
དབུ་མ་ཐལ་འགྱུར་བའི་ལུགས་ལ།གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་གྲུབ་པས་སྟོང་བ་གང་ཟག་གི་བདག་མེད་རགས་པ་དང་།གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་བ་གང་ཟག་གི་བདག་མེད་ཕྲ་མོར་འདོད། རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་དང་། དེ་འཛིན་པའི་ཚད་མ་རྫས་གཞན་གྱི་སྟོང་བ་ཆོས་ཀྱི་བདག་མེད་རགས་པ་དང་། གང་ཟག་གི་གདགས་གཞིའི་ཕུང་བོ་རང་བཞིན་གྱིས་གྲུབ་པས་སྟོང་བ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད།།
༤ རྟག་ཆད་ཀྱི་མཐའ་གཉིས་སྤོང་ཚུལ།
བྱེ་བྲག་སྨྲ་བ་རྣམས་འབྲས་བུ་སྐྱེ་བའི་ཚེ་རྒྱུ་འགག་པས་རྟག་མཐའ་སྤོང་ལ།རྒྱུའི་མཇུག་ཐོག་ཏུ་འབྲས་བུ་འབྱུང་བས་ཆད་མཐའ་སྤོང་ཞེས་སྨྲ།
མདོ་སྡེ་བས་འདུས་བྱས་ཆོས་རྣམས་སྐད་ཅིག་གིས་འཇིག་པས་རྟག་མཐའ་སྤོང་ལ།འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་མཐའ་སྤོང་བར་འདོད།
སེམས་ཙམ་པས་ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་མཐའ་སྤོང་ཞིང་།གཞན་དབང་བདེན་པར་གྲུབ་པས་ཆད་མཐའ་སྤོང་ཞེས་ཟེར།
དབུ་མ་བ་རྣམས་ཐ་སྙད་དུ་ཡོད་པས་ཆད་མཐའ་སྤོང་ཞིང་།དོན་དམ་དུ་མེད་པའམ་རང་བཞིན་གྱིས་བདེན་པར་མ་གྲུབ་པས་རྟག་མཐའ་སྤོང་བར་བཞེད་དོ།།
༥ དབུ་མ་ཐལ་འགྱུར་བའི་སྟོང་བ་རྟེན་འབྱུང་གི་དོན།
དངོས་པོ་གང་ཡང་རྒྱུ་རྐྱེན་རྟེན་འབྲེལ་ལམ་ལྟོས་བཅས་ཀྱི་རྟེན་འབྲེལ་ལས་ཡོད་པ་དང་།སྐྱེ་བ་དང་།གནས་པ་དང་།འཇིག་པར་བྱེད་པ་ན་རྟེན་འབྲེལ་གྱི་ཆོས་སམ།རྟེན་འབྱུང་གི་ཆོས་སུ་འདོད་པ་ཡིན་ལ།རྒྱུ་རྐྱེན་གྱིས་བཅོས་མིན་དང་ཕན་ཚུན་ལྟོས་མེད་རང་དབང་ཚུགས་ཐུབ་ཏུ་གྲུབ་པའི་རང་བཞིན་དེ་འདྲ་གཏན་མེད་པས། རང་བཞིན་གྱིས་སྟོང་བར་འདོད།གནད་དེ་ཤེས་ན་རྟེན་འབྱུང་དང་སྟོང་བ་དོན་གཅིག་ཏུ་འཆར་བ་ཡིན།སྟོང་ཉིད་ཅེས་པའི་དོན་དངོས་པོ་གང་ལའང་།རྒྱུ་རྐྱེན་ལ་རག་མ་ལས་པར་རང་དབང་ཚགས་ཐུབ་ཏུ་གྲུབ་པའི་རང་བཞིན་དེ་འདྲ་མེད་པའི་དོན་ཡིན་ལ།ཕལ་བའི་དབང་ཡུལ་དུ་སྣང་བའི་དངོས་པོ་ཅི་ཡང་མེད་པར་ནམ་མཁའ་སྟོང་བ་ལྟ་བུའི་དོན་ནི་གཏན་མིན་ནོ།།ཡོད་པ་ཙམ་དང་རང་བཞིན་གྱིས་ཡོད་པ། མེད་པ་དང་རང་བཞིན་གྱིས་མེད་པར་ཁྱད་པར་ཕྱེད་དགོས་ཤིང་།དེ་ལྟ་མིན་ན་ཆོས་ཐམས་ཅད་སྟོང་བ་ཞེས་པའི་དོན་ཆོས་ཅི་ཡང་མེད་པའི་དོན་དུ་གོ་བ་བླངས་ནས།མངོན་སུམ་ལ་བསྙོན་འདིང་བའམ་སྐུར་བ་འདེབས་པ་ལས་འོས་མ་མཆིས་སོ།།
རྒྱས་པར་ཤེས་འདོད་ན་རྗེ་ཙོང་ཁ་པ་ཡབ་སྲས་ཀྱི་དབུ་མའི་སྐོར་གྱི་གསུང་རྩོམ་ལ་གཟིགས་རྟོགས་གནང་བར་མཛོད།
  • ལེ་ཚན་སྔོན་མ།:རྡོ་རྗེ་དྲིལ་བུའི་བཤད་པ་རྒྱུད་ལུང་དཔང་བཞག་ཅེས་བྱ་བ།
  • ལེ་ཚན་རྗེས་མ།:བྱང་ཆུབ་ལམ་གྱི་རིམ་པའི་གདམས་པ་ཟབ་མོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་ཉམས་སུ་ལེན་ཚུལ་བདུད་རྩིའི་སྙིང་པོ་ཞེ
  • དོ་སྣང་ཆེ་བའི་རྩོམ།