རྙིང་མ་པའི་དགོན་སྡེ་གྲགས་ཅན།

    《བོད་སྤྱི་བཤད》    2015-06-30

ཨོ་རྒྱན་སྨིན་གྲོལ་གླིང་།
    འདི་ནི་གྲ་ནང་སྐྱེས་བུ་བཅུ་གསུམ་གྱི་ནང་ཚན་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེས1676ལོར་ཕྱག་འདེབས་མཛད།གནས་གཞི་ནི་ད་ལྟའི་བོད་ལྗོངས་གྲ་ནང་རྫོང་ཁོངས་སུ་ཡོད།དགོན་སྡེ་འདི་ནི་གསང་སྔགས་རྙིང་མའི་ལུགས་ཀྱི་དགོན་སྡེ་ཆེ་བ་རྡོ་གླིང་དཔལ་གསུམ་གྱི་ཡ་གྱལ་ཡིན།སྔར་དགོན་པ་འདིར་ཁམས་དང་ཨ་མདོ་ས་ཁུལ་ཁག་གི་རྙིང་མ་པའི་དགེ་འདུན་པ་ཚོ་ཆོས་དང་སྨན་རྩིས་སོགས་སྦྱོང་བར་ཕེབས་མཁན་ཤིན་ཏུ་མང་པས།དགོན་པ་འདི་ནི་སྐབས་དེར་བོད་ཀྱི་རིག་གཞུང་སྤྱི་དང་།ཁྱད་པར་དུ་སྨན་གཞུང་དང་སྐར་རྩིས་སོགས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་སའི་ཆོས་སྡེ་གྲགས་ཅན་ཞིག་ཡིན།
    ཀཿཐོག་རྡོ་རྗེ་གདན་གྱི་ཆོས་གྲྭ
    འདི་ལ་“ཀཿཐོག་མི་འགྱུར་རྡོ་རྗེ་གདན”ཞེས་ཀྱང་འབྲི།འདི་ནི་ཟུར་མེས་དབོན་གསུམ་དུ་གྲགས་པའི་ནང་ཚན་སྒྲོ་ཕུག་པ་ཤཱཀྱ་སེང་གེའི་ཐུགས་སྲས་འཛོམ་སྟོན་འགྲོ་བའི་མགོན་པོ་སོགས་ཀྱི་ཞལ་སློབ།དམ་་པ་བདེ་གཤེགས་ཤེས་རབ་སེང་གེས1159ལོར་ཕྱག་འདེབས་མཛད་ཅིང་།སྔ་འགྱུར་གསང་སྔགས་རྙིང་མའི་གྲྭ་ས་ཆེན་པོ་དྲུག་གམ་བདུན་གྱི་ནང་ཚན་ཞིག་ཡིན།རིམ་བཞིན་ཀཿ་ཐོག་པའི་བླ་རབས་བཅུ་གསུམ་དང་།དྲུང་རབས་བཅུ་གསུམ།མཁན་རབས་བཅུ་གསུམ་སོགས་ཀྱིས་གདན་ས་མཛད་དེ།རྙིང་མ་པའི་ཐུན་མོང་མ་ཡིན་པའི་རིང་ལུགས་མདོ་སྒྱུ་སེམས་གསུམ་གྱི་འཕྲིན་ལས་རིང་དུ་བསྐྱངས།ཀཿ་ཐོག་པ་ཡེ་ཤེས་འབུམ་གྱི་སྐབས་དགེ་འདུན་པ་ཁྲི་ཚོ་བཅོ་བརྒྱད་ལྷག་གིས་གསོ་སྦྱོང་མཛད་མྱོང་ཚུལ་གསུངས་པ་དང་།ཀཿ་ཐོག་པའི་ཆོས་བརྒྱུད་ལ་འོད་ལུས་སུ་གྲུབ་པ་འབུམ་ཕྲག་བརྒལ་པའི་ལོ་རྒྱུས་ཡོད་པ་སོགས་ལ་ཀཿ་ཐོག་སྔ་རབས་པ་ཟེར་ཞིང་།ཕྱིས་སུ་བཀའ་མ་རྣམས་ཉག་ཕྲ་བར་གྱུར་ནས།1625ལོར་བྱོན་པའི་གཏེར་ཆེན་རིག་འཛིན་ཀློང་གསལ་སྙིང་པོས།སྡེ་དགེའི་ཆོས་རྒྱལ་ཆེན་པོའི་བཀས་བསྐུལ་བཞིན།ཀཿ་ཐོག་པའི་བསྟན་པ་ཉམས་གསོ་མཛད་པ་ནས་ཀཿཐོག་ཕྱི་རབས་པ་ཟེར།དགོན་ལག་སུམ་བརྒྱ་ཡོད་པར་གྲགས་སོ།།
    དར་མདོ་རྡོ་རྗེ་གྲགས།
    འདི་ནི་དུས་རབས་བཅུ་དྲུག་པའི་མཇུག་ཙམ་ལ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ(1540-1578)མི་ཉག་སིའུ་རྒྱལ་པོའི་རྒྱལ་རྒྱུད་ཀྱིས་གདན་ཞུས་ལྟར་མི་ཉག་དང་དར་རྩེ་མདོའི་ཕྱོགས་སུ་བྱོན་པའི་རྒྱལ་རྒྱུད་ཀྱིས་གདན་ཞུས་ལྟར་མི་ཉག་དང་དར་རྩེ་མདོའི་ཕྱོགས་སུ་བྱོན་པའི་སྐབས་དེར་བཏབ་པར་གྲགས།ཁོང་དཔོན་སློབ་ཡུལ་དེར་སྒར་ཕབ་ཅིང་ཐོག་མར་དར་མདོ་སྒར་གྲྭ་ཚང་ཞེས་པ་བཙུགས་པ་ལ།ལྕགས་ལ་རྒྱལ་རྒྱུད་རིམ་བྱོན་གྱིས་རྒྱབ་སྐྱོར་གནང་ཐོག་འཕེལ་རྒྱས་ཆེན་པོ་བྱུང་ཞིང་།སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་ལ་སྟོད་ན་རྡོར་སྨིན་གཉིས་ཞེས་སུ་གྲགས་པ་བྱུང་།གནས་གཞི་ནི་ད་ལྟའི་སི་ཁྲོན་ཞིང་ཆེན་ཁམས་དར་མདོའི་ཁོངས་སུ་ཡོད་ཅིང་།དང་ཐོག་དར་མདོ་གྲོང་ཁུལ་ཤར་ཕྱོགས་གདན་ཐོག་གི་རི་རྩ་ན་ཆགས་ལ།ལོ་ངོ་ཉི་ཤུ་ཙམ་གྱི་རྗེས་སུ་གྲོང་ཁུལ་ནུབ་ཕྱོགས་ཀྱི་རི་རྩ་རུ་གནས་སྤར།


 

  • ལེ་ཚན་སྔོན་མ།:དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་།
  • ལེ་ཚན་རྗེས་མ།:ཀ་བཞི་མི་ཕམ་གླིང་གི་ཇོ་བོའི་ལོ་རྒྱུས་བཤད་པ་མཐོང་གྲོལ་ལམ་བཟང་ཞེས་བྱ་བ་བཞུགས་སོ།།
  • དོ་སྣང་ཆེ་བའི་རྩོམ།