སྨར་ཁམས་ལྷག་པ་ཚེ་རིང་། 2017-09-20
ཀླུ་ནོམ་ཀུན་འདུས་ལྷ་ཁང་ནི་ད་ལྟའི་སྒར་ཐོག་གྲོང(ད་ལྟ་སྨར་ཁམས་རྫོང་སྲིད་གཞུང་ཆགས་ཡོད།)གི་བྱང་ཤར་ངོས་སུ་སྤྱི་ལེ་བདུན་ཅུ་ཙམ་ཕྱིན་ན་གྲུ་པ་ཤང་གི་ཁོངས་སྟར་ཁ་གྲོང་ཚོ་ཀླུ་ནོམ་གྲོང་ཞེས་པ་ནི(སྔར་ཇ་འདྲེན་འགྲུལ་ལམ་གྱི་རྒྱུད་དུ་ཁེལ་བའི་འབའ་ཐང་རྫོང་གི་ཁུལ་ལམ་གསོ་རྒན་བརྒྱ་བཅུ་དྲུག་གི་གྲས་རྒོད་ར་བརྒྱ་དཔོན་གྱི་ཁོངས་ཡིན) གནམ་གྲུ་གསུམ་དང་། ས་གྲུ་གསུམ། ཆུ་གྲུ་གསུམ་འཛོམས་པ་ཀླུ་ནོམ་བདེ་སྐྱིད་གྲོང་ཞེས་བྱ་བ་ཡོད་དོ། །གྲོང་ཚོ་དེའི་ལྷོ་ཕྱོགས་སུ་གཞི་བདག་ཆེན་པོ་དགེ་བསྙེན་སྒང་ཟུར(ཡུལ་ལྷ་གཞི་བདག་མི་དཀར་རྟ་དཀར་ཞིག་ཡིན་པར་གྲགས) ཞེས་པའི་རི་རྒྱུད་ཅིག་ཡོད། དེའི་སྐེད་པ་ཡན་ཆད་གཡུ་ལོ་རྒྱས་པའི་ཚང་ཚིང་གདོད་མའི་ནགས་སུ་རི་དྭགས་གཅན་གཟན་དང་བྱ་རིགས་གནས་པ་དང་། དེ་རྣམས་ཕན་ཚུན་འཚེ་བ་མེད་པར་བག་ཡངས་ཀྱི་འཚོ་བར་ལོངས་སུ་སྤྱོད་ཀྱིན་ཡོད། རིའི་སྐེད་པར་མཉེན་འཇམ་རྩྭ་དང་མེ་ཏོག་རྒྱས་པའི་སྤང་རིའི་ཐོག་ཏུ་རྟ་ནོར་ལུག་གིས་བརྒྱན་ནས་ཤ་སྟོབས་ངོམས་ཤིང་འོ་བཅུད་འཛོམས་སོ། ། ལྷོ་ནུབ་མཚམས་སུ་བཙན་རི་སྤོས་སྣོམ་ཞེས་པ་ཐང་ཤིང་དང་། བེ་ཏོ་ཤིང་། སྦྱར་པ། ཁམ་ཤིང་། རྫ་ཤིང་སོགས་ཀྱིས་གཡོགས་ནས་ཡོད། བྱང་གི་ཕྱོགས་སུ་སོ་བ་རི་ཞེས་པའི་སྐེད་པ་ཡན་ལ་དམར་ནག་རྡོ་རྗེ་བྲག་ལ་རྒོད་ཐང་དཀར་དང་། ཐང་སྨུག ཐང་སེར། གླག འུག་པ། གོ་བོ། ཁྲ། ནེ་ལེ་བཅས་འདབ་ཆགས་རྣམས་བག་ཡངས་སོས་དལ་ངང་འཕུར་ལྡིང་གར་རྩེད་ཀྱིས་འཚོ་བར་རོལ་ཞིང་བདེ་བར་འཁོད་དོ། །སྐེད་པ་མན་ལ་མཉེན་འཇམ་གྱི་རྩྭ་ལྗང་དང་བཀྲག་བའི་མེ་ཏོག་རབ་ཏུ་རྒྱས་པ་ནི་རྨ་བྱའི་སྒྲོ་མདོངས་ཀྱིས་སྤུས་པ་དང་གཉིས་སུ་མ་མཆིས། རི་བོ་ཆེན་པོ་དེ་གསུམ་གྱི་འདབས་སུ་ཞིང་ས་གཤིན་པོའི་མཐའ་དང་། འབྲས་ལྡན་ལྗོན་པའི་གསེབ་ཏུ་བཀོད་ལེགས་བ་གམ་རྒྱལ་པོའི་ཕོ་བྲང་ལ་འགྲན་པ་དུ་མ་མཆིས་ཤིང་། ལུང་པ་གཡས་གཡོན་གཉིས་ནས་དྭངས་གཙང་གི་ཆུ་རྒྱུན་གཡུ་ཡི་ཞུན་མ་ལྷུང་ལྷུང་དུ་འབབ་པ་ནི། མཛེས་སྡུག་ལྡན་པའི་ཡུལ་གྲོང་ལ་བསྟོད་པའི་སྙན་ངག་དབྱངས་སུ་གྱེར་བ་དང་ཀུན་ནས་མཚུངས། དཔྱིད་ཟླ་གསུམ་རྩྭ་རྩི་ཤིང་གི་ལྗང་ལོ་འབུས་ཤིང་འབྲས་ཤིང་སྟར་ཁམ་སོགས་ཀྱི་རྣམ་བཀྲ་མེ་ཏོག་བཞད་པའི་ལྡུམ་ར་ཡིད་གར་འོང་། དབྱར་ཟླ་གསུམ་རི་ཐང་གང་སར་དཔལ་ཡོན་རབ་ཏུ་རྒྱས་ཏེ་ལེགས་སྨིན་འབྲུ་དྲུག་སྙེ་མའི་རླབས་ཕྲེང་ལང་ལོང་གཡོ་ཞིང་། སྟོན་ཟླ་གསུམ་འབྲུ་དང་འབྲས་བུས་བཀང་ནས་ཞིམ་མངར་བཅུད་ལྡན་གྱི་ཤིང་འབྲས་གཡུར་དུ་ཟ་བར་སྨིན་ནས་ཡམ་ཡོམ་གྱིས་སྐྱེ་འགྲོ་ཡོངས་ལ་བསུ་སྐྱེལ་བྱེད་པ་དང་ལྷན་ཅིག་བཀྲེས་སྐོམ་སེལ་བར་རྩོམ་ལ་ཀླུ་ཡི་བང་མཛོད་ལའང་སྐྱེངས་པ་སྟེར། དགུན་ཟླ་གསུམ་རོ་བརྒྱ་བདུད་རྩིའི་བཅུད་ལ་ལོངས་སུ་སྤྱོད་ཅིང་། གླུ་གར་རྩེད་ལ་ཅི་གར་རོལ་པ་ལྷ་དང་མཉམ་པ་བཅས་ས་ཡི་དགེ་བཅུ་འཛོམ་པའི་ཡུལ་འདིར་འདུས་པའི་གྲོང་མི་རྒན་གཞོན་ཐམས་ཅད་ཀྱིས་རྒྱུ་འབྲས་མིག་བཞིན་སྲུང་ལ་དགེ་བཅུའི་ཁྲིམས་ལ་གནས་པ། བློ་རིག་གསལ་ཞིང་ལས་ལ་བརྩོན་པ། དགྲ་བྱུང་ན་ཕྱི་ལ་མདུང་རྩེ་མཉམ་གཏད་དང་། གྲོགས་བྱུང་ན་ནང་ལ་གྲི་ཁམ་མཉམ་བགོས། ཡུལ་ལ་བ་ཤི་ནའང་མཉམ་དུ་མྱ་ངན་ཞག་གསུམ་ཞུ་བ། ཁྱིམ་ཚང་གཅིག་གི་བཟའ་མི་ལྟར་མཐུན་ཞིང་དུངས་པའི་རིགས་རྒྱུད་སོགས་མི་ཆོས་ཚུལ་མཐུན་གྱི་གྲོང་འདི་དུས་ནམ་ཞིག་ལ་ཆགས་པ་དང་། ཆགས་ནས་དུས་རབས་ཅི་ཙམ་འདས་པའི་སྐོར་ལ་བཤད་ཚུལ་གཉིས་ཡོད་དེ། བཤད་ཚུལ་གཅིག་ནི་བོད་ཀྱི《བོད་མི་བུ་གདོང་དྲུག་གི་རུས་མ་མེ་ཏོག་སྐྱེད་ཚལ》ལས། སྦྲ་དཀར་གྱི་ནང་ཚན་རིགས་བཞིར་ཕྱེ་བའི། སྟོང་བཙན་ཡུལ་བཟུང་འཕྲུལ་རྒྱུད་ནི་དབུས་གཙང་ཀུན་ཏུ་འབྱུང་། བཙན་ལ་དྲེགས་པའི་དཔའ་རྒྱུད་ནི་འཇང་དང་ས་མཐར་དབྱུང་། ཞེས་བོད་ཀྱི་ཤར་ལྷོ་ས་མཐའི་མཚམས་ཀྱི་འཇང་དང་མི་ཉག་སོགས་ཀྱི་མི་རྒྱུད་ཀྱང་སྤྲ་དང་བྲག་སྲིན་ལས་བསེ་ཁྱུང་སྦྲ་དང་། དམུ་ཚ་རྒ། ཨ་སྤོ་ལྡོང་། ཨ་ཐང་འབྲུ། ལྷ་རིགས་རྒོ་སོགས་རྩ་བའི་རུས་ཆེན་འགའ་བྱུང་བ་ལས་སྦྲ་དཀར་གྱི་རྒྱུད་ཡིན་པར་བསྟན་ཡོད་ལ། འཇང་གི་རྒྱལ་པོ་ཀག་ལ་བོང་གིས་རྒྱལ་སྲིད་བཟུང་བའི་རིང་། འཇང་གི་སྟོབས་ཤུགས་ཇེ་རྒྱས་དང་མངའ་ཁོངས་ཇེ་ཆེར་བཏང་ནས། ཡུལ་ཁམས་མང་པོ་དབང་དུ་བསྒྱུར་ཞིང་ཆེས་དར་བའི་སྐབས་སུ་འཇང་གི་དམག་མི་བསྡད་ནས་ས་ཞིང་བཏུལ་ཞིང་སྒོ་ཕྱུགས་གསོ་ཚགས་ཀྱིས་རང་ཁ་རང་གསོ་བྱས། རྗེས་སུ་བོད་རྒྱལ་གྱིས་མངའ་ཁོངས་སུ་བསྡུས་ཚེ་དམག་མི་ཚོ་གཞིས་ཆགས་ནས་གནས་པར་གྲགས། ད་ལྟའི་སྨར་ཁམས་རྫོང་གི་ས་ཆ་གང་སར་འཇང་རྫོང་གི་གྱང་རིལ་དང་། འཇང་གི་ས་ཞིང་། འཇང་རྫིང་སོགས་ཀྱི་ས་མིང་། བུད་མེད་ཚོའི་མགོ་རྒྱན་དར་ཕུན། ཕྱུ་པ། རྒྱབ་ལྷེབ(རྒྱབ་ལ་འདོགས་རྒྱུ་པང་གདན་འདྲ་བ་ཞིག) བཅས་རྒྱན་གོས་དང་། སྦི་སེ་ཚང་། བེ་འཐུལ་ཞེས་པ་དག་ནི་འཇང་སྐད་ཡིན་པ་ད་ལྟའང་མངོན་སུམ་དུ་མཐོང་བ་དང་ཐོས་རྒྱུ་ཡོད་པ་མ་ཟད།(ཐང་ཡིག་གསར་རྙིང་ལས་བྱུང་བའི་ལྷོ་འཇང་མྱ)ལས། ཀག་ལ་བོང་གི་རིང་ནས་བོད་ལ་མགོ་བཏགས་ཞུས་པས་བོད་ཀྱིས་ཀག་ལ་བོང་བཙན་པོའི་གཅུང་དུ་བསྒྲིགས་པ་དང་། ཤར་ཕྱོགས་རྒྱལ་པོ་ཞེས་པའི་མཚན་སྙན་གནང་ཞིང་གསེར་གྱི་ཐམ་ཀ་བསྩལ། ཞེས་གསལ་བ་དང་།(བཙན་པོ་རིམ་བྱུང་གི་ལོ་རྒྱུས)ལས། ལྷོ་ཕྱོགས་ཀྱི་སྨད་ན་འཇང་དུམ་མྱ་དཀར་པོ་ཞེས་བྱ་བའི་རྒྱལ་པོ་སྡེ་མི་ཅུང་བ་ཞིག་འདུག་པ། རྒྱལ་པོ་ཐུགས་སྒམ་པོའི་རླབས་དང་ཐབས་ཀྱིས་བཀའ་སྩལ་ཏེ། མྱའི་རྒྱལ་པོ་ཀག་ལ་བོང་ཞེས་བྱ་བ། འབངས་སུ་ཕྱག་འཚལ་ནས་ཐབས་གཅུང་སྩལ་ཏེ། མྱི་མང་གི་སྣོན་བཏག ཡུལ་ཆེའི་ནི་འདབ་བསྐྱེད་དོ་ཞེས་གསལ་ལོ། ། བཤད་ཚུལ་གཞན་ཞིག་ནི་འཇང་རྒྱལ་དབྱི་མུ་ཞུན་གྱིས་རྒྱལ་སྲིད་སྐྱོང་བའི་རིང་བོད་ཀྱི་རྒྱལ་པོའི(ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ཡིན)རྒྱབ་རོགས་དང་བཀོད་འདོམས་འོག་མཉམ་འབྲེལ་གྱིས་སི་ཁྲོན་ས་ཁུལ་ལ་བཙན་འཛུལ་བྱས་ཀྱང་ཐང་རྒྱལ་རབས་ཀྱི་དམག་དཔུང་མ་ཐུབ་པར་ཕམ་ཉེས་ཆེན་པོ་ཐེབས་ཤིང་དམག་ཕྱིར་བྲོས་པའི་སྐབས་རུ་ཆེན་གྱི་རྗེས་མ་ཟིན་པར་ལུས་ནས་གཞིས་ཆགས་པར་གྲགས་ཏེ། སྔོན་མའི་ཆོས་ཀྱང་བོན་ཆོས་དང་རྙིང་མའི་ཆོས་ལུགས་འདྲེས་མ་ཡིན་ལ། སྐྱེས་པ་ཚོས་མགོ་ལ་སྐྲ་བྱུག་སྟོང་སྐུད་དཀྲིགས་པ་དང་རྐང་ལ་ཉྭ་རས་དཀྲིགས་སྲོལ་ཡོད་པར་མ་ཟད། མྱེ་སྤོར་དང་། མྱེ་འབར། ཨ་མྱིའུ། མྱི་འདུག ཁྲ་དང་བརྗེ་བ། མནའ་སྐྱེལ་བ་སོགས་ནི་བརྡ་རྙིང་ཡིན་ལ་བཙན་པོའི་སྲོལ་ཞིག་ཀྱང་ཡིན་ནོ།། དེ་གཉིས་ལས་བཤད་ཚུལ་གཉིས་པ་བདེན་ཤག་ཆེ་ཡང་། དྲང་བདེན་ཁུངས་བཙན་ཞིག་ནི་ལོ་སྟོང་ཕྲག་ལོན་པའི་རྒན་པོ་ཞིག་ལ་འདྲི་ན་མ་གཏོགས་ཤེས་དམན་ནུས་ཆུང་བདག་གིས་ཁ་ཚོན་གཅོད་ཅི་ལ་ཐུབ། འོན་ཀྱང་གཉན་ཆེན་ཁ་བ་དཀར་པོ་དེ་གཏོར་མ་ཙམ་ཞིག་ཆགས་ན། དགེ་བསྙེན་སྒང་ཟུར་མྱེ་འབར་དེ་ཚེ་རིལ་ཙམ་ཆགས་ལ། བྱང་གི་འབུམ་མཚེའུ་སྔོན་མོ་དེ་འབོ་ཙམ་ཆགས་ན། ཀླུ་ནོམ་གྲོང་འདི་བྲེ་ཙམ་ཆགས། ཞེས་པའི་ངག་སྒྲོས་ལ་དཔྱད་ན་གྲོང་འདི་ཆགས་ནས་ལོ་རྒྱུས་ཧ་ཅང་རིང་པོ་ཞིག་འདས་ཡོད་པ་གསལ་ལ། ཡང་ངག་རྒྱུན་དུ། སྐྱིད་སྡུག་མི་ཤེས་ཀླུ་ནོམ་དུད་ཚང་བདུན། ཁོང་ཁྲོ་ཞེ་སྡང་མེད་པའི་བུ་སྤུན་དགུ། རྔོན་བྱ་གཅིག་ཡིན་ཡང་མཉམ་ཟ་དང་། གྲོང་པའི་བ་རྒན་ཤི་ཡང་མྱ་ངན་ཞག་གསུམ་བྱས་ཞེས་པའི་ངག་སྒྲོས་དེར་བརྟག་ན། གནས་འདིར་དང་ཐོག་དུད་ཚང་བདུན་ལས་མེད་ཀྱང་འཆམ་མཐུན་སྤྲོ་སྐྱིད་ངང་འཚོ་བར་རོལ་བཞིན་ཡོད་པ་རྟོགས།
དེ་ཡང་བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཞང་ཞུང་བོན་གྱི་རིག་གནས་ཡིན་པར་འདོད་ན། བོད་ཀྱི་གདོད་མའི་ཆོས་ལུགས་ཀྱང(ཆོས་རྒྱལ་ཆེན་པོ་མེས་དབོན་རྣམ་གསུམ་ནས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་མ་གསོའི་བར)བོན་ཡིན་པའང་གོར་མ་ཆག་སྟེ། ཡུལ་འདི་ལའང་ལྷ་མཆོད་འདྲེ་འདུལ་གྱིས་འཇིག་རྟེན་གྱི་དོན་སྒྲུབ་པའི་བོན་ཆོས་དར་ཡོད་པ་ནི་སྨོས་ཅི་དགོས། དུས་ཕྱིས་སུའང་ཤང་ལང་འཆང་བའི་སྔགས་བོན་ཡོད་ལ་ད་ལྟའང་ར་ཚིལ་བཞུས་ཏེ་མཆོད་མེ་སྤར་བའི་སྲོལ་སོགས་ཡོད།
དེ་ནས་སྤྱི་མཚུངས་ཡུལ་འདིར་ནང་བསྟན་དར་ཞིང་བན་བོན་གཉིས་གང་སྟོབས་ཆེ་བ་དེས་གཅིག་ཤོས་མགོ་གནོན་གང་ཐུབ་བྱས་མཐར། དུས་རབས་བཅུ་གཉིས་པའི་མགོ་སྟོད་ཡན་ཙམ་ལ་རྙིང་མ་དང་། བཀའ་བརྒྱུད་པའི་བསྟན་པ་ཁྱབ་ཆེར་ཕྱིན་པ་ཡིན། འབའི་ཁུལ་དུ་ད་ལྟའང་ཀརྨ་པའི་དགོན་སྡེ་རེ་ཟུང་ཡོད་ཅིང་། དེ་མིན་གནམ་མཐིལ་དགོན་སོགས་ཀརྨ་པའི་དགོན་ཤུལ་རྙིང་པ་མང་དུ་སྣང་།
དེ་ནས་ཀརྨ་པ་སྐུ་ཕྲེང་དང་པོ་ཆོས་རྗེ་དུས་གསུམ་མཁྱེན་པ་ནི་རབ་བྱུང་གཉིས་པའི་ལྕགས་སྟག་སྤྱི་ལོ་༡༡༡༠ལོར་མདོ་ཁམས་ཀྲི་ཤོད་དུ་སྐུ་འཁྲུངས། དགུང་ལོ་སུམ་ཅུ་པར་རྗེ་སྒམ་པོ་ཁུ་དབོན་དང་མཇལ་ནས་གདམ་ངག་མ་ལུས་པ་ཚང་སྤྲུགས་སུ་གནང་བ་མ་ཟད། གཞན་སུ་ལ་མ་གནང་བའི་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་། རྫོགས་རིམ་རླུང་སེམས་གཉིས་མེད་བཅས་གནང་སྟེ། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀང་པོ་གངས་རིར་དང་འབུམ་མཚོ་དང་རུས་ལེ་ནགས་ཁྲོད་དུ་གྱིས་དང་། འགྲོ་དོན་དབུས་གཙང་ཁམས་གསུམ་ལ་ཁྱབ་པར་འབྱུང་ངོ་ཞེས་ལུང་བསྟན་པ་ལྟར། དགུང་ལོ་ལྔ་བཅུ་པར་ཁམས་ཀྱི་ཆུ་བོ་གསེར་ལྡན་གྱི་སྟོད་སྨད་བར་གསུམ་སོགས་སུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་སྐྱེ་འགྲོ་མང་པོ་སྨིན་གྲོལ་ལ་བཀོད་པ་དང་། འཁྲུགས་རྩོད་མང་པོ་ཞི་འདུམ་མཛད། དགུང་ལོ་ང་ལྔ་པར་མཆོག་ཉིད་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་ཉེར་བཞིའི་གྲས་ཤིན་ཏུ་རྩ་ཆེ་བ་ཀ་མ་རུ་དང་གཉིས་སུ་མ་མཆིས་པ་རུས་ལེ་དབེན་པའི་རི་ཁྲོད་དུ་སྒྲུབ་པ་ལ་བྱོན་པའི་ཚེ། སྤྱི་དཔོན་བྱ་ནག་སྤུན་གསུམ་དང་། དགེ་བསྙེན་སྒང་ཟུར་མྱེ་འབར་བཅས་བསུ་བར་བྱོན་ཏེ་མཆོག་ཉིད་འདིར་དཀའ་ཐུབ་སྤྱད་ནས་བཞུགས་དང་། ལྟོ་གོས་སོགས་བྱ་བ་ཐམས་ཅད་ངེད་ཀྱིས་བསྒྲུབ་ཅིང་གནས་སྲུང་བྱེད་ཡོང་ཞུས་པ་བཞིན་སྒྲུབ་པ་མཛད་པས། དེར་ས་བབ་ཅུང་མཐོ་ལ་ཚང་ཚིང་ནགས་ཀྱིས་དཀྲིགས་པའི་སྲིབ་རི་ཡིན་པས། གྲང་ངར་ཆེ་ཞིང་ཡུལ་ཆུ་མ་འཕྲོད་པས་བསྙུན་ཏེ་ཕྱིར་རང་ཡུལ་དུ་འབྱོན་པར་རྩོམ་པ་ན། གཞི་བདག་རྣམས་སླར་འོངས་ཏེ་སྒྲུབ་ཆུ་བཏོན་ནས་ཕུལ་བས་བསྙུན་ཡེ་མེད་དུ་དྭངས་ཏེ་སྒྲུབ་པ་ཡུན་རིང་དུ་མཛད་པས་སྤངས་རྟོགས་ཀྱི་ས་མཐོན་པོར་གཤེགས་ཤིང་མཛད་འཕྲིན་ཕྱོགས་བཅུར་རྒྱས་པའི་མཚན་སྙན་ཀུན་ཏུ་ཁྱབ་པས་རིམ་གྱིས་རྒྱའི་གོང་མས་ཀྱང་རྗེ་དེའི་སྐུ་ཆེ་བའི་ཡོན་ཏན་རྣམས་སྙན་གྱི་དབང་པོས་གསན་ཏེ། དད་པའི་སྤུ་ལོང་གཡོ་བས་རྒྱ་ནག་ཏུ་གདན་དྲངས་ཤིང་བཀུར་སྟི་དང་གདེང་འཇོག་ཚད་མེད་གནང་བར་མ་ཟད། རྒྱུ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་ཇོ་བོ་གསུང་གྲགས་མའི་སྐུ་དེ་ཆོས་རྗེ་དུས་གསུམ་མཁྱེན་པར་ཕུལ་རྗེས་སླར་བོད་དུ་ཕེབས་བའི་སྐབས། འབའ་བྲག་གཅལ་སྟེང་དགོན་ཞེས་པའི་སྒྲུབ་གནས་ཤིག་བཏབ་ཅིང་དགེ་སློབ་འཁོར་བཅས་དེར་སྒྲུབ་པ་མཛད་པ་དང་། དཔྱིད་ཀྱི་དུས་ཚིགས་ཤར་བ་དང་ཚ་བ་ཤིན་ཏུ་ཆེ་བས་བཞུགས་པར་མི་བཟོད་ནས་སྔར་གྱི་སྒྲུབ་གནས་རུས་ལེ་དབེན་པའི་རི་ཁྲོད་དུ་སྒྲུབ་པ་ཡུན་རིང་བྱས་པ་ན། ཉེ་འཁོར་ཡུལ་གྲོང་གི་རྒྱབ་སྐྱོར་ལ་བརྟེན་ནས་དུང་གི་རྒྱང་གྲགས་རེའི་མཚམས་སུ་ཀ་དགོན་རེ་བཞེངས་སྐབས། གནམ་མཐིལ་ཐང་སྤང་ཐོག་དང་དོམ་ཆེན་གདོང་དང་སྒང་ཟུར་གོང་མ་བཅས་ལའང་ཀར་དགོན་གྱི་རྗེས་ཤུལ་ད་ལྟའང་མཇལ་རྒྱུ་ཡོད།
ཀླུ་ནོམ་གྲོང་གི་བྱིས་པ་ཚོ་ཞིག་ལུང་པའི་ཕུ་ན་རྫི་བོ་འགྲོ་ནས་ཇ་བསྐོལ་བའི་སྐབས། སྟབས་མ་ལེགས་པར་མེ་ཤོར་བས་ནགས་རི་ཡོངས་རྫོགས་བསྲེགས་པས། དབྱར་ཁ་ཆར་ཆུ་འབེལ་ནས་རི་བོ་ཉལ་ཏེ་ཤ་འོད་ཆེན་པོ་བྱུང་བས་ཡུལ་གྱི་ས་ཞིང་དང་ཁང་པ་སོགས་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ་ལྟ་ཅི། གྲོང་ཚོ་རྦད་དེ་ཆུ་ལོག་གིས་བསྣུབས་བའི་ཉེན་ཁ་ཆེན་པོར་འཕྲད་བ་ན་ཡུལ་མི་རྒན་པ་ཚོས་གྲོས་བྱས་ཏེ། ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་ལ་ཐུགས་རྟགས་ཞུ་བའམ་གཟིམ་ལམ་བཞག་པ། རྩིས་རྒྱག་པ་གང་རུང་ཞིག་བྱེད་ན་བཟང་བར་ཐག་བཅད་དེ་བརྒྱ་གོ་གཅིག་ཆོད་ཀྱི་མི་རྒན་པ་ཞིག་མངགས་ཏེ་ཡུལ་གྱི་སྐྱིད་སྡུག་ཐམས་ཅད་ཆད་ལྷག་དང་སྦ་གསང་མེད་པར་སྙན་ལམ་དུ་ཕུལ་བ་དང་ཆབས་ཅིག་ཐུགས་རྟགས་དང་གཟིམ་ལམ་ཞུས་པར། ཀརྨ་པ་དུས་གསུམ་མཁྱེན་པ་མཆོག་གི་ཡིད་ལ་སྙིང་རྗེ་ཚད་མེད་སྐྱེས་ནས། རྟག་ཏུ་ཡུལ་ལྷ་གཞི་བདག་མཆོད་ཅིང་གྲོང་གི་མཐར་མེ་ཤོལ་དེའི་ངོས་དང་། མེ་ཤུལ་དེའི་ཐད་དུ་རབ་ཏུ་བྱུང་ན་མཆོད་རྟེན་ཆེན་པོའམ་ལྷ་ཁང་བཞེངས་དགོས་པ་དང་། མཐུན་རྐྱེན་དེ་འདྲ་མ་འཛོམས་ནའང་ལུང་པའི་འགྲམ་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་མའི་རྡོ་འབུམ་བརྩིག་པ་དང་། སཱཚྩ་པར་དུང་གཅིག་རྒྱག་ནས་སཱཚྩ་ཁང་ནང་དུ་བཅུག་རྗེས་དེར་ཕྱག་དང་བསྐོར་བ་བྱོས་དང་སྐྱོན་མི་ཡོང་ལ། ངས་ཀྱང་ཅི་ཐུབ་ཀྱིས་རི་དེར་རི་འཁྲུས་ཤིག་བྱ་ཡོང་ཞེས་ཞལ་བཞེས་གནང་བས་དུས་ཆད་ཐོག་སྐུ་མངོན་སུམ་དུ་ཕེབས་ནས་རི་འཁྲུས་བྱས་ཤིང་ཡུལ་མི་དྲག་པ་ཀུན་བཀུགས་ཏེ་ཕྲབ་ཚལ་གྱི་དབུས་སུ་སཱཚྩ་ཁང་ཆུང་ངུ་ཞིག་བཞེངས་པར་ད་ལྟའང་མཇལ་རྒྱུ་ཡོད་ལ་ཡུལ་དེར་ཕྲབ་ཚལ་སྒང་ཞེས་མིང་ཐོགས། ཀླུ་ནོམ་གྲོང་གི་ཡུལ་མི་དྲག་པ་ཀུན་འཛོམས་ཏེ་གྲོང་གི་མཐར་མེ་ཤོལ་གྱི་ཁ་སྤྲོད་དུ་སཱཚྩ་ཁང་ཆུང་ངུ་ཞིག་བཞེངས་ནས། གཟའ་སྐར་དུས་བཟང་ཤར་སྐབས་རིམ་བཞིན་ཡུལ་མི་ཚང་མ་དེར་འདུས་ནས་ཡུལ་ལྷ་གཞི་བདག་མཆོད་ཅིང་ཕྱག་དང་བསྐོར་བ་བྱེད་ལ། དགེ་བ་བཅུའི་ཚུལ་ཁྲིམས་ཡང་དག་བསྲུངས་ཤིང་ཆོས་ཀྱི་བྱེད་སྒོ་སྤེལ་བའི་དུས་དེ་ནས་ཡུལ་གྱི་མི་ཟོག་ལ་ཤྭ་འོད་ཀྱིས་གནོད་སྐྱོན་མེད་པར་བགྲང་བྱ་དུ་མ་ཞིག་འདས་སོ། །
༡༢༦༤ལོར་ཀརྨ་པཀྵ་རྒྱ་ནག་ནས་བོད་དུ་ལོག་པའི་སྐབས་ཀརྨ་པ་དུས་གསུམ་མཁྱེན་པས་ཕྱག་བཏབ་པའི་འབའ་བྲག་གཅལ་དགོན་དུ་ཕེབས་ནས་ཆོས་འཁོར་བསྐོར་ཞིང་དགོན་པ་ཇེ་རྒྱས་སུ་བཏང་བ་མ་ཟད། དུས་གསུམ་མཁྱེན་པས་ཚངས་བསྒྲུབས་མྱོང་བའི་རུས་ལེ་རི་ཁྲོད་དང་དགོན་པར་ཕེབས་ནས་གོང་མ་རྗེས་དྲན་གྱི་གདུང་བ་དང་། ཡུལ་གྱི་ཆ་རྐྱེན་སྐྱོ་བ་གཟིགས་ནས་སྤྱན་ཆབ་ཀྱང་བབས་མྱོང་ཞིང་ཀླུ་ནོམ་གྲོང་དུ་ཕེབས་ཏེ་མཆོད་རྟེན་དང་སཱཚྩ་ཁང་ལ་རབ་གནས་དང་སྐུ་ཉིད་ཀྱི་ཕྱག་དཔེ་ཞིག་གནང་ནས་སླད་མར་དེར་(གྲོང་མཐའ)ལྷ་ཁང་ངམ་མཆོད་རྟེན་ཞིག་བཞེངས་ཐུབ་ན་ཤིན་ཏུ་བཟང་པོ་འདུག་ཅེས་གསུངས་བར་ཡུལ་མི་ཚོས་སྟོབས་ཤུགས་ཆིག་བསྒྲིལ་གྱིས་ལྷ་ཁང་ཞིག་བསྐྲུན་ནས། སྟོན་པ་ཤཱཀྱ་ཐུབ་པ་དང་མར་མི་དྭགས་གསུམ་གཙོས་པའི་སྐུ་འདྲ་ཁ་ཤས་བཞེངས་པར་གྲགས།
1450ལོར(གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་འབུམ་ཉ་མགོ་དགོན་དང)བྲག་བསྡུས་བཀའ་རབ་འབྱམས་མཆོག་བྲག་བསྡུས་དགོན་དུ་ཕེབས་པའི་སྐབས། རྒོད་ར་རྒྱ་དཔོན་གྱི་རེ་འདུན་བསྒྲུབ་པའམ་སྐྱེ་འགྲོ་མང་པོའི་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བར་སྐུ་ མངོན་སུམ་དུ་ཕེབས་ནས་ཚེར་ཐང་རྒྱང་ར་ཁར(ས་མིང་ཞིག་ཡིན)ཀླུ་བུམ་བཞག་ཅིང་རིམ་གྲོ་བསྒྲུབས་པས་ཡུལ་ཆུ་ཞིག་བཏོན་ནས་ད་ལྟའི་བར་དུ་རྒོད་ར་གྲོང་གི་འཚོ་རྟེན་དུ་གྱུར་པ་ཡིནལ། སྟོན་མཇུག་ཏུ་འབྲུ་ཕུལ་སྐྱེལ་བར་སྲོལ་ཡོད། སྐབས་དེར་ཀླུ་ནོམ་གྲོང་གི་ཡུལ་མི་རྒན་གཞོན་ཐམས་ཅད་ཀྱིས་རེ་ཞུས་ལྟར་དྲག་པོ་གསུམ་འདུས་ཀྱི་དབང་བཞག་པ་ལ། མཆོད་རྟེན་ལ་རབ་གནས་གནང་བ་དང་ལྷ་ཁང་དེར་ཀུན་འདུས་ངན་གྲོལ་ལྷ་ཁང་ཞེས་མིང་གནང་ཞིང་རབ་གནས་ཀྱང་མཛད་པ་མ་ཟད། སྟོན་པ་ཤཱཀྱ་ཐུབ་པའི་སྐུ་ཆུང་ངུ་ཞིག་ཕྱག་རྟགས་སུ་གནང་པར་གྲགས་སོ། །
1639ལོར་སོག་པོ་གུ་ཤྲྰིར་ཧན་བསྟན་འཛིན་ཆོས་རྒྱལ་གྱི་དཔུང་དམག་གཏུས་ཆེ་བ་ཞིག་འབའ་ཐང་དུ་ལྷགས་ཏེ། བཀའ་རྒྱུད་པའི་བྲག་མཐའ་དགོན་མེར་བསྲེགས་པ་མ་ཟད། འབའ་སྡེ་མངའ་རིས་ཞིང་ཁམས་ཀྱི་ཁོངས་སུ་ཡོད་པའི་བཀའ་བརྒྱུད་པའི་དགོན་པ་དང་མཆོད་རྟེན་མང་པོ་བསྲེགས་གཏོར་བྱས་པའི་ཁོངས་སུ་ཀླུ་ནོམ་གྲོང་གི་མཆོད་རྟེན་དང་ལྷ་ཁང་དེ་གཉིས་ལའང་གཏོར་སྐྱོན་ཕོག་ཡོད་སྐད། 1642ལོར་གུ་ཤྲྰི་ཧན་གྱིས་གཙང་སྲིད་གཏོར་ཏེ་བོད་ཆོལ་ཁ་གསུམ་གྱི་དབང་རིས་དང་བཅས་པ། གོང་ས་ལྔ་པ་ཆེན་པོར་ཕུལ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་བཙུགས་པ་དང་བསྟུན། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཡང་དབུས་གཙང་དུ་བཞུགས་མ་བདེ་བས་ཁམས་ཕྱོགས་སུ་བྱོལ་ཕེབས་ཀྱིས་འབའ་བྲག་གཅལ་དགོན་དུ་སྒྲུབ་པ་མཛད་ཀྱང་ཐུགས་མ་བདེ་ནས་རུས་ལེ་དབེན་པའི་རི་ཁྲོད་དུ་སྒྲུབ་པ་བྱས་པའི་རིང་། ཀླུ་ནོམ་གྲོང་གིས་ཀུན་འདུས་ངན་གྲོལ་ལྷ་ཁང་ཉམས་གསོ་བྱས་ཤིང་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་དེར་ཕེབས་ནས་རབ་གནས་པ་དང་བཀའ་ཆོས་གསུངས་མྱོང་ལ། ཡུལ་མི་ཚོས་ཀརྨ་པ་རིན་པོ་ཆེས་སྒྲུབ་པའི་ཚང་གྲོན་མར་ཕྱུར་རྩམ་བཅས་རྒྱབ་སྐྱོར་བྱས་པས། རིན་པོ་ཆེས་ཙན་དན་སྦྲུལ་གྱི་སྙིང་པོ་ལས་གྲུབ་པའི་ལྷ་སྐུ་ཞིག་ལག་རྟགས་སུ་གནང་ཞིང་ལོ་ངོ་གསུམ་ཙམ་ལས་བཞུགས་མ་ཕོད་པར། སླར་འཇང་ཡུལ་དུ་ཕེབས་ཏེ་ལོ་ཉི་ཤུ་ལྷག་ཙམ་བཞུགས་དགོས་བྱུང་བར་གྲགས་སོ། །
དེ་ནས1652ལོར(ཆུ་འབྲུག)ཏཱ་ལེ་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་རྒྱ་ནག་ཡོན་གོང་མས་གདན་ཞུས་བྱས་པ་དང་། 1653ལོར(ཆུ་སྦྲུལ)བོད་དུ་ལོག་དུས་རྒྱ་བོད་འགྲིམ་ལམ་དུ་ཁེལ་བའི་ཐང་རྩེ་ཁར་ཆོས་སྒར་རྒྱག་ནས་བཞུགས་སྐབས་ཀླུ་ནོམ་གྲོང་དཀྱིལ་ཚང་གི་ཕ་བསོད་ནམས་རབ་བརྟན་དང་། ལྷམ་མགོ་གླེན་པ་ཆོས་རྒྱལ། བར་རི་སྦྱིན་པ་ཚེ་བརྟན་བཅས་ཡུལ་གྱི་སྐྱེས་པ་བཅུ་ཙམ་ཐང་རྩེ་ཁར་ཏཱ་ལེ་བླ་མ་མཆོག་མཇལ་བར་འགྲོ་དུས་ཡུལ་གྱི་གནས་ཚུལ་རྣམས་ཡར་ཞུས་པས་སྐྱབས་མགོན་མཆོག་ནས། ཀུན་འདུས་ངན་གྲོལ་ལྷ་ཁང་དུ་སྲུང་མ་དཔལ་ལྡན་ལྷ་མོ་ཞིག་བཞེངས་ནས་རྒྱུན་དུ་གསོ་མཆོད་བྱས་ན་ཡུལ་ལ་མགོན་སྐྱབས་སུ་ཕན་ཞེས་གསུངས་བར་གྲགས། གོང་ས་ལྔ་པ་ཆེན་པོས་བོད་ཁམས་ཀུན་ལ་དབང་བསྒྱུར་ནས་ཆབ་སྲིད་འཇམ་དར་ཡུགས་གཅིག་ཏུ་སྦྲེལ་བར་མཛད་རྗེས། 1959ལོར་བཀའ་དགེར་བསྒྱུར་བས་ཀླུ་ནོམ་གྲོང་ཀུན་འདུས་ལྷ་ཁང་གི་ཆོས་སྲོལ་རིམ་གྲོ་ཡང་ཕལ་ཆེར་དགེ་ལུགས་པའི་ཆོས་སྲོལ་དུ་བསྒྱུར་བཅོས་བྱུང་བ་ཡིན། སྐབས་དེར་བར་རི་སྦྱིན་པ་ཚེ་བརྟན་གྱིས་མཆོད་རྟེན་བཤིགས་ཤུལ་དུ་རྡོ་འབུམ་བརྩིགས་པར་ད་ལྟའང་མཇལ་རྒྱུ་ཡོད།
1992ལོར་སུན་ཀྲུང་ཧྲན་ཙུང་ཐུང་བདམས་བའི་རྗེས་རྒྱ་གེ་སེར་ལིང་དང་དམག་སེ་ལིང་ཞེས་པ་བོད་ལ་དཔུང་འཇུག་བྱས་ཏེ་ཁམས་ཕྱོགས་ཀྱི་དགོན་པ་མང་པོར་གཏོར་སྐྱོན་ཕོག་པ་དང་མཉམ་དུ་ལྷ་ཁང་དེ་ཡང་བཤིགས་སོ། །
དེ་ནས1921ལོ་ནས1979ལོའི་བར་རི་འགོག་དམག་འཁྲུག་དང་རྒྱལ་ནང་དམག་འཁྲུག རིག་གསར་གྱི་ཟིང་འཁྲུག་བཅས་ཀྱི་སྨྱོན་པའི་ལོ་ཟླའི་འཇིགས་སུ་རུང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་དག་གི་དུག་རླངས་བོད་ཆོལ་ཁ་གསུམ་ལ་ཕོག་སྟེ་དུས་ནི་མི་འགྱུར་མི་ནི་འགྱུར་བས་ཀླུ་ནོམ་གྲོང་ནང་གི་ཧུར་བརྩོན་པ་ཚོས་ལྷ་ཁང་དང་མཆོད་རྟེན། གསིང་མཁར། མ་ཎི་རྡོ་སྤུངས་སོགས་བཤིགས་པར་མ་ཟད། སྒེར་སྤྱི་གང་རུང་གི་སྔོན་བྱོན་སྐྱེས་བུ་ཤེས་རབ་ཅན་དང་མེས་པོ་བཀའ་དྲིན་ཅན་ཚོས་ཁྲག་དང་ཆུ་སེར་གྱིས་བསྐྲུན་པའི་སྐུ་གསུང་ཐུགས་རྟེན་མེ་ཏོག་ཁྲ་ལམ་མེར་འཛུམ་པ་ཡོད་དོ་ཅོག་མེར་བསྲེགས་བཏང་བས། དམ་ཆོས་ཀྱི་བསྟན་པ་སྟོན་མཇུག་གི་ཆུ་བཞིན་བྲི་པ་དང་ལྷན་ཅིག སྨྱོ་སྤྱོད་བཙན་ཤེད་ཀྱིས་ལམ་ལུགས་ངན་དགུ་སྣ་ཚོགས་སྤེལ་བར་བརྟེན། ཞིང་ལ་ལོ་ལེགས་མི་འབྱུང་ཞིང་ཟོག་ལ་གུད་ཆག མི་ལ་མུ་གེ་བྱུང་ནས་ཡུལ་མི་རྣམས་མྱ་ངན་གྱི་ཟས་དང་མཆི་མའི་སྐོམ་ལ་བརྟེན་ནས། སྡུག་བསྔལ་ཡིད་ཆད་ཀྱི་མུན་པ་ཁྱབ་པར་གྱུར་ཙམ་ལྷ་ཁང་ཉམས་གསོ་བྱེད་རྒྱུ་ཕ་ཞོག གནས་དེར་འདུ་ཁང་ཞབས་ཞེས་པའི་མིང་ཙམ་ལས་མེད་པར་གྱུར་ཏོ། ། འོ་ན། ཀརྨ་པ་སྐུ་ཕྲེང་དང་པོ་ཆོས་རྗེ་དུས་གསུམ་མཁྱེན་པ་དང་། ཀརྨ་པཀྵྲཱྀ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ ཏཱ་ལེ་བླ་མ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་མཆོག་སོགས་ཀྱི་རྣམ་ཐར་རམ་ལོ་རྒྱུས་ཡིག་ཆ་ནང་དུ་ཀརྨ་པ་སྐུ་ཕྲེང་དང་པོ་ཆོས་རྗེ་དུས་གསུམ་མཁྱེན་པ་དང་། ཀརྨ་པཀྵྲཱྀ། ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་བཅས་རུལ་ལེར་དཀའ་ཐུབ་སྤྱད་ཚུལ་དང་། གནམ་མཐིལ་ཐང་དུ་ཀརྨ་པའི་དགོན་ཆུང་ཞིག་ཕྱག་བཏབ་ཚུལ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེས་ཡུལ་ལ་ཆུ་བཏོན་ཚུལ་སོགས་ཚིག་གི་ཟུར་ཙམ་ཡང་བཀོད་མེད་པར་སུ་ཞིག་གིས་ཡིད་ཆེས་བྱེད་ཅེ་ན། དེ་དག་ཡོད་ཚད་རྣམ་ཐར་དང་ལོ་རྒྱུས་སུ་འཁོད་པའི་ཁྱབ་པ་མེད་ཅིང་། དོན་རྣམས་ཡོངས་སུ་གྲགས་པ་དང་མ་གྲགས་པ། ཐུན་མོང་དང་ཐུན་མིན་གསང་བ་བསམ་གྱིས་མི་ཁྱབ་པའི་བླ་མའི་རྣམ་ཐར་ཀུན་ལ་ཡོད་པ་ལས། འགོད་རིན་མེད་པ་ནི་དེ་བས་ག་ལ་ཡིན་ཏེ། ཁྱེད་ཀྱིས་མ་མཐོང་ཤེས་བྱ་མང་། མ་མཐོང་ཕྱིར་ན་མེད་པ་མིན།
1980ལོར་ཀྲུང་དབྱང་གིས་བཅོས་སྒྱུར་སྒོ་དབྱེའི་སྲིད་བཟང་ལག་བསྟར་བྱས་པ་དང་ལྷན་ཅིག་བོད་དུ་དམིགས་བསལ་གྱི་མི་རིགས་སྲིད་ཇུས་དོན་འཁྱོལ་གནང་ནས། ནང་བསྟན་རིག་གནས་བསྐྱར་དར་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་ཤོག་ལྷེབ་གསར་པ་ཕྱེ་བའི་དུས་རབས་གསར་པ་ཞིག་འགོ་ཚུགས་པ་དང་། 1986ལོའི་ཟླ་བ9པའི་ཚེས27གྱི་ལྷ་ཉིན་དཀར་པོར། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ཀྲང་སྐུ་གཞོན་པ་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ཎི་ཆོས་ཀྱི་རྒྱལ་མཚན་མཆོག(བོད་ལྗོངས་ཆབ་མདོ་དང་འཇོལ་བདེ་ཆེན། སི་ཁྲོན་དཀར་མཛེས་ཁུལ་ལ་གཟིགས་སྐོར་ཕེབས་པ)སྨར་ཁམས་རྫོང་ནས་ཆིབས་ཞལ་བསྒྱུར་ཏེ་འབའ་ཐང་ལ་སྤྱན་འབེབས་གནང་བར་ ཕེབས་པའི་ལམ་བརྒྱུད་གྲུ་པ་ལུང་ལ་ཞབས་ཀྱིས་བཅགས་པ་ན། ཟབ་སྨོན་ཕ་སྐལ་བཟང་རྒྱལ་མཚན་གྱིས་སྔར་ལུགས་བཞིན་ཕྱུ་པ་དཀར་པོ་ཞིག་གྱོན་ཏེ་པཎ་ཆེན་རིན་པོ་ཆེའི་ཞལ་གྱི་དཀྱིལ་འཁོར་མཇལ་ཞིང་ཕྱག་དབང་ཞུ་བར་བཅར་བ་ན། རིན་པོ་ཆེ་ཐུགས་རབ་ཏུ་མཉེས་པའི་སྒོ་ནས་ཁྱེད་རྣམ་པས་སྔར་ལུགས་བཞིན་ལུས་ལ་ཕྱུ་པ་ དཀར་པོ་གྱོན་ཞིང་ལག་ཏུ་མ་ཎི་ཕྲེང་བ་ཐོགས་པ་ནི་ཧ་ཅང་ལེགས་པོ་ཞིག་རེད་ལ། ཡ་རབས་ཀྱི་སྐད་ཡིག་དང་ལུགས་སྲོལ་རྒྱུན་འཁྱོངས་ཐོག་སྔོན་ཐོན་གྱི་རིག་གནས་ལ་སློབ་སྦྱོང་བྱེད་དགོས་ངེས་རེད་ཅེས་གསུངས་བ་དང་ལྷན་ཅིག་སྒོར་ཆག་པ་ཞིག་གནང་བར། ཟབ་སྨོན་ཕ་སྐལ་བཟང་རྒྱལ་མཚན་གྱིས་ལམ་སང་ཕྱག་གསུམ་འཚལ་ནས་ཡར་ཕུལ་བ་ན། རིན་པོ་ཆེས་ཞལ་རས་འཛུམ་པ་དང་བཅས་ཏེ་ཁྱེད་ལ་སྒོར་མོ་མེད་པ་མ་ཡིན། འདི་ནི་ང་རང་གིས་ཁྱེད་ལ་ལག་རྟགས་ཙམ་ཡིན་པས་རྗེས་སུ་སྐུ་གསུང་ཐུགས་རྟེན་གང་ལ་ཕུལ་ནའང་ཆོག་གི་རེད་ཅེས་གསུངས་སོ། །ཟབ་སྨོན་ཕ་སྐལ་བཟང་རྒྱལ་མཚན་གྱིས་དུས་དེ་ནས་ཡུལ་དུ་ལྷ་ཁང་ཉམས་གསོ་བྱ་རྒྱུའི་རེ་བ་ཆེན་པོ་བཅངས་པས། 1989ལོར་ཡུལ་གྱི་གོང་རིམ་ལ་ཞུ་བ་དང་རྒན་གཞོན་སྐུལ་སློང་བྱས་པས་ཚང་མའི་བློར་ བབས་ཏེ་ཟབ་སྨོན་འཇམ་དབང་ཚེ་རིང་། བར་རི་སྐལ་བཟང་ཚེ་བརྟན། ལྷམ་མགོ་ཨ་འདུས། གྲོང་དཀྱིལ་ཨ་བཟང་། གྲོང་སྨད་ཟླ་བ་བཀྲ་ཤིས་བཅས་གཙོས་པའི་ཡུལ་མི་དྲག་པ་ཀུན་བསགས་ནས། གོང་རིམ་གྱི་སྲིད་ཇུས་བཟང་ཞིང་ཡུལ་ལ་མཐུན་རྐྱེན་འཛོམས། ཆོས་ཀྱི་བསྟན་པ་དར་བའི་རྫོགས་ལྡན་གསར་པའི་དུས་སུ། གྲོང་གི་མཐར་མི་དམངས་ཀུང་ཧྲེའི་སྐབས་ཀྱི་སྤྱི་ཁང་ཞིག་ཡོད་པ་དེའི་ནང་དུ་ཀུན་འདུས་ངན་གྲོལ་ལྷ་ཁང་བཞེངས་ན་ལེགས་པའི་སྐོར་གྱི་གྲོས་མོལ་བྱས་པས། ཡུལ་མི་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱི་བློར་བབས་པ་ལ། འབའ་ཆོས་སྡེ་གླིང་གི་སྐུ་གཞོགས་ལཱ་ཁ་སྐུ་ཕྲེང་ཉི་ཤུ་པ་ཀརྨ་ཐུབ་བསྟན་རྡོ་རྗེ་མཆོག་དང་ཁྱབ་བདག་འཇོལ་བླ་བློ་བཟང་ཡེ་ཤེས། སྐུ་གཞོགས་བཱ་སྒོ། འབུམ་ཉ་མགོ་དགོན་གྱི་སྐུ་གཞོགས་ནམ་བཟང་རིན་པོ་ཆེ་ཆུང་བ་བཅས་ལ། མོ་ལུང་དང་ས་སློང་ཞུས་ནས་ཡུལ་མི་ཚོས་རྒྱུ་ཡོད་ཀྱིས་རྒྱུ་གཏོང་བ་དང་། ལག་རྩལ་པས་ལག་རྩལ་བཏོན་པ་མ་ཟད། ཕྱི་ལ་ཡོད་པའི་ལས་བྱེད་པས་ཞལ་འདེབས་ཕུལ་བར་བརྟེན། ཨ་འདུས་དང་། བུ་སྤུ་ལུ། ཐུབ་བརྟན། བསོད་ནམས་ཚེ་རིང་བཅས་ཀྱིས་ཤིང་བཟོའི་འགན་ཁུར་ནས་ཉམས་གསོ་བྱུང་ཡོད་དེ། ལྷ་ཁང་གི་གཞི་ཁྱོན་ལ་རྨིད་གྲུ་བཞི་མ400ཙམ་དང་། ཐོག་བརྩེགས་རིམ་པ་གཉིས་ཏེ་རྨིད9ཙམཡོད། ཟུར་དུ་ཇ་ཁང་ཁང་མིག་གཉིས་ཅན་ཞིག་བཞེངས་ནས། སྐུ་གཞོགས་བག་སྒོ་དང་འབུམ་ཉ་མགོ་སྐུ་གཞོགས་བཅས་ཀྱིས་རབ་གནས་མཛད། 2000ལོར་རྒན་ཚུལ་ཁྲིམས་རྒྱ་མཚོ་གཙོས་པའི་ཟབ་སྨོན་སྐལ་བཟང་རྒྱལ་མཚན་དང་། འཇམ་དབང་ཚེ་རིང་། བར་རི་སྐལ་བཟང་ཚེ་བརྟན། བློ་བཟང་ཚེ་རིང་། ཚུལ་ཁྲིམས་རྒྱ་མཚོ། ཟླ་བ་བཀྲ་ཤིས། བསོད་ནམས་དོན་གྲུབ་ཀྱིས་འགན་ཁུར་ཏེ་ལྷ་བཞེངས་པ་པདྨ་ལགས་གདན་འདྲེན་ཞུ་ནས། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ་དང་། དགེ་སློང་མ་པད་མའི་སྐུ་བཞེངས་ཡོད་ལ། 2010ལོར་སླར་རྒན་ཚུལ་ཁྲིམས་རྒྱ་མཚོ་གཙོས་པའི་དགེ་འདུན་པ་ལྔ་དང་གཉེར་པ་ཕ་ཚུལ་ཁྲིམས་རྒྱ་མཚོ་བཅས་ཀྱིས་འགན་ཁུར་ཏེ་སླར་ཡང་ལྷ་བཞེངས་པ་པདྨ་ལགས་གདན་འདྲེན་ཞུ་ནས། སྟོན་པ་ཤཱཀྱ་ཐུབ་པ་དང། རྗེ་ཡབ་སྲས་གསུམ། སྲུང་མ་དཔལ་ལྡན་ལྷ་མོའི་སྐུ་བཅས་བཞེངས་པ་ནས་བཟུང་ཞིང་ལ་ལོ་ཏོག་ལེགས་པོ་བྱུང་བ་དང་། ཕྱུག་ལ་གུད་ཁ་མེད་པ། མི་ལ་ན་ཚ་ཉུང་བ། ཞི་བདེ་འཆམ་མཐུན་དང་འདོད་རྒུ་ལོངས་སྤྱོད་འཛོམས་པ་བཅས་བཀྲ་ཤིས་དགེ་མཚན་དང་ལྡན་པ་ཞིག་ཏུ་གནས་ཡོད་དོ། །
མཇུག་མཐར། ཁོ་བོས་ཡུལ་གྱི་ལར་ཞེན་ཡིན་ཁུལ་གྱིས་རང་དགར་ཁུངས་མེད་སྒྲོ་བཏགས་པ་དང་། རྟོག་བཟོར་བྱས་པ་མིན་གྱི། ཟབ་སྨོན་དགེ་སློང་འདས་པོས་ལྷ་ཁང་དེའི་ལོ་རྒྱུས་བསྡུས་པ་ཞིག་བརྩམས་ཡོད་ཀྱང་རིག་གསར་དུས་མེ་ལྷར་ཕུལ་བར་གྲགས་ལ། སྔར་ནས་ད་ལྟའི་བར་གནས་ཚུལ་དེ་ལྟར་སྙན་ནས་སྙན་བརྒྱུད་པའི་གསུང་སྒྲོས་བཅོས་སླད་མེད་པ་ཡོངས་སུ་གྲགས་པས། ཡུལ་གྱི་ཕྱུགས་རྫི་ཚུན་ཀུན་གྱི་ཁ་ལ་བྱང་བའི་ལོ་རྒྱུས་དེ་ལྟར་ཡིན་པས་སོམ་ཉི་མི་དགོས་སྙམ་མོ། ། གྲོང་འདིར་ལྟེ་ཁྲག་འཕོ་ཞིང་འཚར་ལོངས་བྱུང་བའི་དགེ་འདུན་རྣམས་གཙོས་པའི་སྟོན་པ་དང་བསྟན་པ་ལ་དད་མོས་ལྡན་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་ཐམས་ཅད་ཀྱིས་ཐུབ་བསྟན་རིན་པོ་ཆེ་སྣུམ་ཟད་གྱི་མར་མེ་ལྟ་བུར་གྱུར་པའི་དེང་གི་སྐབས། ང་ཚོས་རང་སྟེང་གི་སྤོབས་པ་དང་སྙིང་སྟོབས་ཤིག་བཙལ་ཏེ། ཡང་བསྐྱར་སྔོན་བྱོན་མེས་པོ་ཚོའི་བཀའ་དྲིན་རྗེས་དྲན་དང་། གནའ་བཟང་རྒྱུན་འཛིན་ཐོག་གཞན་བཟང་རང་སྤྱད་ཀྱིས་འོད་སྟོང་ལྡན་པའི་ལམ་བུ་ཞིག་འཚོལ་བར་ཁ་མིག་ཡར་ལྟ་དང་། སྐུད་པ་ཡར་སྒྲིལ། བསམ་པ་ཡར་སྐྱེད་བཅས་བྱེད་རིགས་ཀྱི་ཨ་མའི་ཕོར་པ་གཙང་མ་ཡིན་ཞེས་བརྗོད་ན་མི་འགྲིག་ལ། མོན་ཡུལ་རྡོར་གཅོད་ཀྱི་དཔེ་བཞིན་དུའང་མི་འགྲོ་བ་ཞིག་ཅི་ནས་ཀྱང་འབད་དགོས་པ་ཡིན་ནོ། །
རྩོམ་གསར། 10